དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲོང་གསེབ་ཀྱི་བུད་མེད་སྨན་པ་བསོད་ནམས་ཕན་ཐོགས་ཀྱིས་བརྗོད་དོན།

    སེམས་བཟང་བཅངས་ཏེ་མི་སེར་གྱི་བདེ་ཐང་སྲུང་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-18

    རི་ལམ་ཀྱག་ཀྱོག་བརྒྱུད་ལོ་36ལ་སླེབས་པའི་གྲོང་གསེབ་ཀྱི་སྨན་པ་བསོད་ནམས་ཕན་ཐོགས་ཀྱིས་སྒལ་པར་སྨན་ཁུག་ཁུར་བ་དང་རྟ་བཞོན་ཏེ་སྐྱིད་གྲོང་རྫོང་ཀོ་ཐང་ཤང་གི་གྲོང་ཚོ་ཚང་མར་བསྐྱོད་མྱོང་ལ་མཐའ་མཚམས་ལམ་ཐིག་གི་མི་སེར་གྱི་བདེ་ཐང་སྲུང་བཞིན་ཡོད།

    དུས་ཀྱི་འཁོར་མོ་སེ་གོལ་གཏོགས་ཙམ་ལ་འདས་ཤིང་། ལོ་12རིང་བརྟན་སྲུང་བྱེད་རིང་བསོད་ནམས་ཕན་ཐོགས་ཀྱིས་རི་ལམ་དེར་ཐེངས་ཇི་ཙམ་བསྐྱོད་མྱོང་བ་བློ་ལ་གསལ་པོ་ངེས་ཀྱི་མེད་མོད། འོན་ཀྱང་ཡུལ་དེའི་གྲོང་མི་མི་རེ་ངོ་རེའི་གཟུགས་གཞིའི་གནས་ཚུལ་བློ་ལ་གསལ་པོར་ངེས་ཀྱི་ཡོད།

    “ཁོང་ཚོའི་ཚེ་སྲོག་དང་བདེ་ཐང་འགན་ལེན་བྱ་རྒྱུ་ནི་ངའི་འགན་འཁྲི་ཆེ་ཤོས་ཡིན”

    “སྔོན་ཆད་ཀོ་ཐང་ཤང་གི་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ཞན་པ་དང་རི་ལམ་མང་པོ་ཞིག་གུ་དོག་པས་མི་སེར་འགྲོ་སྐྱོད་བྱེད་པར་སྟབས་བདེ་པོ་གཏན་ནས་མེད”བསོད་ནམས་ཕན་ཐོགས་སློབ་གྲྭ་ཐོན་རྗེས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཀོ་ཐང་ཤང་འཕྲོད་བསྟེན་ཁང་དུ་ལས་བགོས་བརྒྱབ།

    ཤང་དེ་ཡོངས་ཀྱི་མི་1000ལྷག་ཙམ་རང་བྱུང་གྲོང་ཚོ་11ཏུ་ཁ་གྲམ་ཡོད་པ་ཤེས་རྗེས་རྟ་གཏན་ནས་བཞོན་མྱོང་མེད་པའི་བསོད་ནམས་ཕན་ཐོགས་ཀྱིས་ཡུལ་དེའི་མི་སེར་ལ་ནད་ཕོག་སྐབས་གང་མགྱོགས་སྨན་བཅོས་ཐུབ་པ་བྱ་ཆེད་རྟ་བཞོན་སྟངས་སྦྱངས།

    གྲོང་གསེབ་གཞུང་ལམ་འཐུས་སྒོ་ཚང་དུ་བཏང་བ་དང་སྦྲགས། 2017ལོར་བསོད་ནམས་ཕན་ཐོགས་ཀྱི་སྨན་བཅོས་བྱེད་པར་འགྲོ་བའི་འགྲིམ་འགྲུལ་ཡོ་ཆས་དེ་སྦག་སྦག་ཏུ་གྱུར་མོད། འོན་ཀྱང་ཁོང་གིས་ཡུལ་དེའི་མི་སྒེར་གྱི་བདེ་ཐང་སྲུང་བའི་བསམ་བློར་འགྱུར་ལྡོག་བྱུང་མེད།“དེ་གའི་མི་སེར་གྱིས་མེས་རྒྱལ་གྱི་མཐའ་མཚམས་སྲུང་བ་དང་སྨན་པ་ཞིག་གི་ངོས་ནས་ཁོང་ཚོའི་ཚེ་སྲོག་དང་བདེ་ཐང་འགན་ལེན་བྱེད་པ་དང་ཁོང་ཚོ་ཕྱིར་འགྲོ་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱ་རྒྱུ་ནི་ངའི་ལས་འགན་འཁྲི་ཆེ་ཤོས”དེ་ཡིན་ཞེས་བསོད་ནམས་ཕན་ཐོགས་ཀྱིས་བཤད།

    སེམས་ནང་བདེ་ཐང་གི“རྩིས་ཐོ”ཞིག་ཡོད་པ་དང་གྲོང་མི་ཐང་པོ་མ་བྱུང་ཚེ་ཁོང་ལ་སེམས་ཁྲལ་ཆེན་པོ་ཡོད་པ་རེད།

    མཐའ་མཚམས་ཀྱི་དགུན་དུས་ཧ་ཅང་འཁྱོལ་དཀའ་ལ། བསོད་ནམས་ཕན་ཐོགས་ཀྱི་ལག་གཉིས་རྟག་ཏུ་འཁྱགས་སྦོས་ཐེབས་བཞིན་ཡོད། རྣམ་ཀུན་དུད་ཚང་དུ་ནད་པར་སྨན་བཅོས་བྱེད་པར་འགྲོ་རིམ་བཞིན་ཁོང་གིས་ལག་གཉིས་འཕུར་འཕུར་ཡང་ཡང་བྱས་རྗེས་གཞི་ནས་སྨན་བཅོས་བྱེད་ཀྱི་ཡོད།

    དེ་ལྟར་ལོ་ན་ཕྲ་བའི་བསོད་ནམས་ཕན་ཐོགས་ལ་ཡུལ་དེའི་གྲོང་མིའི་ཡིད་ཆེས་གང་མགྱོགས་ཐོབ་པ་དང་གྲོང་མིར་ནད་ཕོག་སྐབས་ཀྱང་ཁོང་སྨན་བཅོས་བྱེད་པར་སྐད་གཏོང་འདོད་ཆེན་པོ་བྱེད་ཀྱི་ཡོད། སྐབས་རེ་མཚན་གུང་དུ་ཁ་པར་འབྱོར་ཡང་ཁོང་གིས་འཕྲལ་མར་མལ་ལས་ལངས་ཏེ་སྨན་བཅོས་བྱེད་པར་ཐོན་གྱི་ཡོད།

    2014ལོའི་ཟླ་7པའི་ཐོ་རེངས་ཤིག་ལ། ནམ་མ་ལངས་སྔོན་ནས་ཁོང་ལ་སྙིང་གྲོང་ཚོའི་ཀྲུའུ་རེན་གྱི་ཁ་པར་འབྱོར་པ་དང་། གྲོང་མི་ཞིག་ཕྲུ་གུ་བཙས་རྗེས་ཁྲག་མང་པོ་ཤོར་ནས་ཉེན་ཁ་ཆེན་པོ་འདུག་ཅེས་བཤད། མ་གཞི་སྐབས་དེ་དུས་ལམ་བུ་འདམ་རྫབ་ཀྱིས་ཁེངས་མོད། བསོད་ནམས་ཕན་ཐོགས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལས་རོགས་དང་ལྷན་དུ་མུན་ནག་ཁྲོད་ཐོན། ཆུ་ཚོད་གཅིག་ལྷག་ཙམ་རིང་ཛ་དྲག་ཆེ་བའི་སྨན་བཅོས་བྱས་རྗེས་ནད་པ་སྲོག་ཉེན་ལས་ཐར་བ་དང་ཁོང་གི་སེམས་ཀྱང་ད་གཟོད་ལྷོད་ལ་བབས།

    ད་ཆ་ལོ་36ལ་སླེབས་པའི་བསོད་ནམས་ཕན་ཐོགས་རྫོང་དགའ་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ལས་སྒྱུར་བྱས་མོད། འོན་ཀྱང་ཁོང་ལ་ཀོ་ཐང་ཤང་གི་མི་སེར་གྱི་སྨན་བཅོས་འདྲི་རྩད་ཁ་པར་རྟག་ཏུ་འབྱོར་གྱི་ཡོད།

    སྔོན་ཆད་ཀོ་ཐང་ཤང་གི་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ཞན་པའི་ཁར་རྫོང་གྲོང་དང་བར་ཐག་རིང་བས། ཡུལ་དེའི་མི་སེར་ཚོས་ཕྱིར་བསྐྱོད་ནས་སྨན་པ་བསྟེན་པར་ཧ་ཅང་སྟབས་མི་བདེ་བ་མ་ཟད། རྣམ་ཀུན་བདེ་ཐང་ཐད་དོ་སྣང་ཆེར་མ་བྱས་པས། ནད་ཆུང་གྲས་མང་པོ་ཞིག་ཚབས་ཆེར་ཕྱིན་ནས་སྨན་བཅོས་ཀྱི་དུས་སྐབས་ཡག་ཤོས་ཤོར་གྱི་ཡོད།

    གནས་ཚུལ་དེ་དག་ཤེས་རྟོགས་བྱུང་རྗེས་བསོད་ནམས་ཕན་ཐོགས་ཀྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མང་ཚོགས་ལ་བདེ་ཐང་འདུ་ཤེས་ཁྱབ་གདལ་བཏང་ཞིང་། སྐོར་སྐྱོད་སྨན་བཅོས་བྱེད་སྐབས་གྲོང་གསེབ་ཀྱི་ཐོན་མང་བའི་ནད་དང་རྒྱུན་མཐོང་ནད་སྨན་བཅོས་བྱེད་པ་ཕུད། ད་དུང་སྨན་ཁང་དུ་བསྡད་དེ་ཕྲུ་གུ་སྐྱེ་བའི་འབྲེལ་ཡོད་ཤེས་བྱ་དང་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་སྟབས། ཀོ་ཐང་ཤང་གི་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་100%ཟིན་པ་དང་ཁོང་གིས་གཡོག་བྱེད་མྱོང་བའི་གསར་སྐྱེས་ཕྲུ་གུ་300ཙམ་ཟིན་ཡོད།

    རྒྱུན་གཏན་གྱི་ལས་དོན་ཁྲོད་བསོད་ནམས་ཕན་ཐོགས་ཀྱིས་ན་རན་བྱིས་པ་དང་། རྒན་རྒོན། གཅོང་ནད་ཕོག་མཁན། དབུལ་ལོག་དང་དབུལ་པོར་འགྱུར་སླ་བའི་མི་འབོར་བཅས་བདེ་ཐང་གི་འདུ་ཤེས་ཁྱབ་གདལ་གཏོང་ཡུལ་གཙོ་བོར་བརྩིས་ནས་ཁོང་ཚོའི་རང་ངོས་ནད་འགོག་དང་རང་ངོས་འཕྲོད་སྦྱོར་འདུ་ཤེས་ཟབ་ཏུ་བཏང་བ་དང་འབྲེལ་དུས་བཀག་ལྟར་འཚམས་འདྲི་བྱེད་ཀྱི་ཡོད། ད་དུང་ལོ་ལྟར་ལོ་60ཡན་ལ་སླེབས་པའི་རྒན་རྒོན་ལ་སྨན་རིན་མི་དགོས་པར་གཟུགས་གཞི་བརྟག་དཔྱད་བྱེད་པ་རེད། བསོད་ནམས་ཕན་ཐོགས་ཀྱིས་འབད་བརྩོན་བྱས་པ་བརྒྱུད་ཡུལ་དེའི་གྲོང་མིའི་བདེ་ཐང་གི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་སོང་ཡོད།

    རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་ནད་ཡམས་སྔོན་འགོག་གི་བྱེད་ཐབས་གལ་ཆེན་ཞིག་ཡིན། རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་ཐོན་པ་སོགས་ཀྱི་ཉེན་ཁར་མི་འཛེམས་པར་བསོད་ནམས་ཕན་ཐོགས་ཀྱིས་ས་བབ་མཐོ་ཚད་སྨི་ལྔ་སྟོང་དྲུག་སྟོང་ཟིན་པའི་རི་བོ་མཐོན་པོ་ཐེངས་མང་བརྒལ་ནས་གྲོང་ཚོའི་མང་ཚོགས་ལ་དུས་ཐོག་ཏུ་རིམས་འགོག་སྨན་ཁབ་བརྒྱབ་ཡོད།

    ད་ཆ་ཀོ་ཐང་ཤང་དུ་ལམ་བུ་དང་། གློག དྲ་རྒྱ་བཅས་ཤར་གཏོང་ཐུབ་པ་དང་ཤང་འཕྲོད་བསྟེན་ཁང་གི་རིགས་ཁག་གི་སྨན་བཅོས་ཡོ་ཆས་ཀྱང་མང་དུ་སོང་ཡོད་ལ་མི་སེར་ཚོས་ནད་ལྟ་བར་ཡང་སྟབས་བདེ་རུ་སོང་ཡོད། ད་ཆ་སྨན་དོན་མི་སྣ་དེ་བས་མང་བས་བསོད་ནམས་ཕན་ཐོགས་ཀྱི་སྤྱོད་ལམ་བཟང་པོ་རྒྱུན་འཛིན་བྱས་ཏེ་མཐའ་མཚམས་སུ་སྲོག་སྐྱོབ་སྨན་བཅོས་ཀྱི་གཏམ་རྒྱུད་མུ་མཐུད་རྩོམ་བཞིན་མཆིས།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་པའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།