རང་ལྗོངས་ཀྱིས་གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་བ།
རྡོག་ཁྲེས་ཕབ་སྟེ་ལས་ཀར་ཞུགས། བློ་རྩེ་བསྒྲིམས་ནས་དོན་དག་བསྒྲུབས།
ཟླ་6ཚེས་15ཉིན། ཀྲུང་དབྱང་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་ཆེད་དོན་ལས་ཀའི་ལམ་སྲོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱེད་ཆེད། རང་ལྗོངས་ཀྱིས་གཞི་རིམ་གྱི་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཁར། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བཅོས་སྒྲིག་དང་སྤོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། ཏང་སྲོལ་དང་། སྲིད་སྲོལ། སྤྱི་ཚོགས་ཀྱི་དར་སྲོལ་བཅས་ལེགས་སུ་འགྲོ་བར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་དང་། བཅོས་སྒྲིག་གི་གྲུབ་འབྲས་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་མངོན་པར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བྱས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། གཅིག་གྱུར་འཆར་འགོད་ཀྱིས་ཚད་ལྡན་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། ཐབས་མང་མཉམ་དུ་སྤྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་ཡོད།
རང་སྐྱོང་ལྗོངས་ཀྱིས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་ལས་དོན་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་འགའ་ཞིག》པར་འགྲེམས་བྱས་ཚུན། འཕྱོངས་རྒྱས་རྫོང་ཨུད་སྤྱོད་ཚུལ་ལེགས་གཏོང་གཞུང་ལས་ཁང་གིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཚོགས་འདུ་ཚོགས་སྐབས་སྐད་ཆ་སྟོང་པ་ཤོད་མི་ཆོག་པ་དང་། གོང་རིམ་གྱི་བླང་བྱ་དོན་འཁྱོལ་བྱེད་སྐབས་གཅིག་ཐོག་གཉིས་སྤོར་བྱེད་མི་ཆོག་པ། དགོས་པ་མེད་ན་ཚོགས་ཆེན་མི་ཚོགས་པ། ལས་ཁུངས་ཀྱི་ལས་བྱེད་པས་གཟའ་འཁོར་རེར་ངེས་པར་དུ་དུས་ཚོད་ཉིན་གཅིག་སྤྱད་དེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་དགོས་པ། ལས་ཐག་བཅད་པའི་དུས་ལ་ལས་བྱེད་པར་བཙན་ཤེད་ཀྱིས་ལས་དུས་འཕར་མ་བྱ་རྒྱུའི་རེ་བ་འདོན་མི་ཆོག་པ། སྐད་འཕྲིན་ཚོགས་པ་བརྒྱུད་ལས་དོན་རང་བཞིན་གྱི་ལས་ཀ་བཀོད་སྒྲིག་ཡང་ཡང་བྱེད་པའི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་དགོས་པ། ཕྱོགས་མང་ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་རིགས་གཏན་འགོག་བྱེད་དགོས་པ་སོགས་ཀྱི་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།
ད་ལོ་ཤར་ཚུན་འཕྱོངས་རྒྱས་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་ལས་བྱེད་པ་དང་སྲིད་འཛིན་གྲོང་ཚོའི་ལས་བྱེད་པར་ཚོགས་འདུ་ཉུང་དུ་ཕྱིན་པ་དང་། འབྲི་རྒྱུའི་སྙན་ཞུའི་རེའུ་མིག་དང་སྙན་ཞུའི་དཔྱད་ཡིག་སྣ་ཚོགས་དེ་སྔ་བཞིན་མང་པོ་མེད་པ། མང་ཚོགས་ཀྱི་ཁྲོད་དུ་ཞིབ་ཕྲའི་ལས་དོན་སྒྲུབ་པར་སྐྱོད་པའི་དུས་ཚོད་མང་དུ་ཕྱིན་པ་བཅས་ཀྱི་ཚོར་སྣང་ཆེན་པོ་བྱུང་ཡོད། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དམངས་སྲིད་ཆེད་བསྐོས་ལས་བྱེད་པ་ཚེ་རིང་རྡོ་རྗེས“སྙན་ཞུའི་རེའུ་མིག་དང་སྙན་ཞུའི་དཔྱད་ཡིག་སྣ་ཚོགས་འབྲི་རྒྱུ་ཉུང་དུ་ཕྱིན་པ་དང་། ལྷག་པར་དུ་ཚོགས་འདུའི་ནང་དོན་ཁུ་བསྡུ་བྱས་པ་ལས་ང་ཚོ་གཞི་རིམ་གྱི་ལས་བྱེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དུས་ཚོད་དེ་བས་མང་དུ་དང་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་སོང”ཞེས་བཤད།
“ད་ཆ་དུས་ཚོད་མང་ཆེ་བར་ཤང་གིས་ཞིབ་ཕྲའི་ལས་དོན་གཅིག་གྱུར་བཀོད་སྒྲིག་བྱེད་པས་ལས་ཕྱོད་སྔར་ལས་ཆེ་རུ་ཕྱིན་འདུག”ཅེས་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྲའོ་ཝུའེ་ཡིས་བཤད།
གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ་བྱེད་ཐེངས་གཅིག་ལ་གྲུབ་པ་ཞིག་མིན་པས། ངེས་པར་དུ་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། “ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་དང་། གཅིག་གྱུར་བཀོད་སྒྲིག རྒྱུན་མཐུད་སྐུལ་འདེད་བཅས་བཏང་ནས་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཐག་གཅོད་གནང་བ་དང་བྱ་ངན་སྤྱོད་ངན་ཁག་གཅིག་གཏན་འགོག་གནང་ཡོད”ཅེས་ལྷོ་རོང་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་བྱམས་པ་བསྟན་ཆོས་ཀྱིས་བཤད།
ལྷོ་རོང་རྫོང་ནས་ཆབ་མདོ་གྲོང་ཁུལ་བར་ལ་ལམ་ཐག་སྤྱི་ལེ་280ལྷག་ཙམ་ཡོད་པ་དང་། རྫོང་དེ་ཡོངས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ་4དང་ཤང་7ཡོད་ལ། ལུང་ཤུར་མང་བ་དང་ལམ་གཟར་པོ་ཡོད། བྱམས་པ་བསྟན་ཆོས་ཀྱིས་གསར་འགོད་པར“ཚོགས་ཞུགས”ནི་གཞི་རིམ་ལས་བྱེད་པའི་མགོ་ན་ཤོས་ཀྱི་བྱ་བ་ཞིག་ཡིན་ཞིང་། ལོ་གཅིག་ནང་སྤྱད་པའི་ལས་ཀའི་དུས་ཚོད་གསུམ་ཆ་གཅིག་ཚོགས་འདུར་ཞུགས་པ་དང་ཚོགས་འདུར་ཞུགས་པའི་ལམ་དུ་ཡོད་ཅེས་བཤད།
ད་ཆ་ལྷོ་རོང་རྫོང་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་ཆེད་ཆེད་དོན་བཅོས་སྒྲིག་དང་ཟུང་འབྲེལ་བྱས་ཏེ། མཉམ་དུ་ཚོགས་ཐུབ་པའི་ཚོགས་འདུ་ཟླ་སྒྲིལ་བཏང་ནས་མཉམ་དུ་ཚོགས་གང་ཐུབ་བྱེད་དགོས་པ་དང་། ཤང་ཀུན་ཁྱབ་དང་གྲོང་ཚོ་ཀུན་ཁྱབ་ཀྱི་བརྙན་ལམ་ཚོགས་འདུ་ཚོགས་པའི་རྣམ་པ་རྒྱ་ཁྱབ་ཏུ་སྤྱོད་དགོས་པ། བརྒྱ་བཤད་སྟོང་གླེང་བྱེད་མི་རུང་བ་བཅས་ཀྱི་གཏན་འཁེལ་ཁ་གསལ་བྱས་པ་ལས། མི་སེར་ལ་བྱ་བ་སྒྲུབ་པའི་དུས་ཚོད་དེ་བས་མང་དུ་ཕྱིན་ལ་ལས་ཕྱོད་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་ལྷོ་རོང་རྫོང་གིས་གཞི་རིམ་གྱི་ལས་དོན་དོན་འཁྱོལ་ཐད་འབད་བརྩོན་ཆེན་པོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་ཤུགས་ཆེན་བྱས་པས“འགན་འཁུར་ཕོད་མཁན”གྱི་ལས་བྱེད་པ་མང་དུ་ཕྱིན་པ་དང་། “ཁ་འཕངས་ལག་ཕྱིས་རྒྱག་མཁན”ཉུང་དུ་ཕྱིན་པ། ལས་ཀའི“གྲུབ་འབྲས་དངོས”མང་དུ་ཕྱིན་པ། དགོས་མེད་ཀྱི“རྗེས་ཤུལ”ཉུང་དུ་ཕྱིན་ཡོད།
ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཟིན་པ་དང་རྫོང་གྲོང་ནས་གཞིས་རྩེ་གྲོང་ཁུལ་བར་ལ་ལམ་ཐག་སྤྱི་ལེ་630ལྷག་ཙམ་ཡོད་པའི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ནི་གཞིས་རྩེ་གྲོང་ཁྱེར་གྱི་ས་བབ་མཐོ་ཤོས་དང་། གནས་ཡུལ་ཐག་རིང་ཤོས། རྒྱ་ཁྱོན་ཆེ་ཤོས། ཁོར་ཡུག་ཞན་ཤོས་བཅས་ཀྱི་མཐའ་མཚམས་ཀྱི་འབྲོག་ལས་རྐྱང་པའི་རྫོང་ཞིག་རེད། འབྲོང་པ་རྫོང་གི་ལས་བྱེད་ལས་བཟོར་མཐོ་གྲང་གསོ་རླུང་མི་འདང་བའི་དབང་གིས་གཟུགས་གཞི་མི་བདེ་བའི་གནས་ཚུལ་སྣ་ཚོགས་ཡོད་པ་མ་ཟད། ཁྱིམ་ཚང་གཅིག་གི་མི་ས་ཆ་ཁག་ལ་ལོགས་སུ་སྡོད་པའི་གནས་ཚུལ་ཡོངས་ཁྱབ་དུ་གནས་ཡོད།
ཕྱི་རོལ་ཡུལ་གྱི་ཁོར་ཡུག་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཇི་ལྟར་ཆུང་དུ་གཏོང་དགོས་སམ། ཐག་རིང་ལུང་ཁུག་གི་ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་ལས་བཟོའི་དངོས་ཡོད་དཀའ་ངལ་ཇི་ལྟར་ཐག་གཅོད་བྱེད་དགོས་སམ། ལས་བྱེད་ལས་བཟོས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད། འབྲོང་པ་རྫོང་གིས་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང《འབྲོང་པ་རྗོང་གི་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱ་ཐབས》བཏོན་པའི་ཁར། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ལས་བྱེད་པར་དོ་དམ་ནན་པོ་དང་ལས་བྱེད་པར་སེམས་ཁུར་ཆེན་པོ་ཟུང་འབྲེལ་བྱེད་པ། ཆབ་སྲིད་ནས་སྐུལ་ལྕག་དང་། ལས་ཀ་ནས་རྒྱབ་སྐྱོར། ཐོབ་ཐང་ནས་འགན་ལེན། སེམས་ཁམས་ནས་ཐུགས་ཁུར་བཅས་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པའི་གཟི་ལྡན་བསམ་པ་དང་། གཏོགས་སེམས། ཐོབ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།