དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དགེ་རྒན་ལས་རིགས་ཀྱི་གཟི་བརྗིད་བསམ་པ་དང་། ལས་འགན་སྒྲུབ་སེམས། ཐོབ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ།

    རང་ལྗོངས་ཀྱིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-17

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུ་དེ་བས་གནས་བབ་གལ་ཆེན་ཐོག་བཞག་ནས་སྔ་རྗེས་སུ་ནུས་ལྡན་གྱི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ཕུགས་བསམ་དད་སེམས་ལྡན་པ་དང་། ཀུན་སྤྱོད་བཟང་བ། ཤེས་ཡོན་ལྡན་པ། བྱམས་སེམས་ལྡན་པ་བཅས་ཀྱི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱས་པ་རེད།

    དགེ་རྒན་དཔུང་ཁག་སྟོབས་ཆེར་བཏང་ནས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་བཏང་བ།

    རང་ལྗོངས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། རང་ལྗོངས་ཀྱིས《དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་ལག་བསྟར་བསམ་འཆར》སོཊ་སྲིད་ཇུས་སྔ་རྗེས་སུ་བཏོན་ནས་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། གྲངས་འབོར་གྱི་གྲུབ་ཆ་ཉིན་བཞིན་ལུགས་དང་མཐུན་པ། སྤྱི་ཡོངས་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་བ་བཅས་ཀྱི་དགེ་རྒན་དཔུང་ཁག་ཅིག་བཏོད་ཡོད།

    “མིག་སྔའི་བར། ལྗོངས་ཡོངས་སུ་ལས་ཐོག་དགེ་རྒན་དང་ལས་བཟོ་ཁྲི་6.38ལྷག་ཙམ་དང་ཆེད་བསྐོས་དགེ་རྒན་ཁྲི་5.91ལྷག་ཙམ་ཡོད”ཅེས་རང་སྐྱོང་ལྗོངས་སློབ་གསོ་ཐིང་དགེ་རྒན་ལས་དོན་ཁྲུའི་ཁྲུའུ་ཀྲང་དང་རིམ་པ་དང་པོའི་བརྟག་ཞིབ་པ་བུ་ཆུང་གིས་བརྗོད་པ་དང་། ཁོང་གིས་ལྗོངས་ཡོངས་སུ་དགེ་རྒན་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་དགེ་རྒན་དར་མ་དང་གཞོན་ནུ་རང་ལྗོངས་ཀྱི་དགེ་རྒན་དཔུང་ཁག་གི་སྟོབས་ཤུགས་གཙོ་བོར་གྱུར་ནས་སློབ་རྒྱུས་མཐོ་བའི་དགེ་རྒན་གྱི་བསྡུར་ཚད་མཐོ་རུ་ཕྱིན་ཡོད་ཅེས་བརྗོད།

    ཕུལ་བྱུང་གི་ཤེས་ལྡན་པ་དེ་བས་མང་བ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དཔུང་ཁག་ནང་ཞུགས་ཐུབ་པ་བྱ་ཆེད། རང་ལྗོངས་ཀྱིས་ས་བབ་མཐོ་ལ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་དགེ་རྒན་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་བྱེད་པའི་འཆར་གཞི་དང་གྲོང་གསེབ་ཀྱི་དགེ་རྒན་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྐྱོང་བྱེད་པའི་འཆར་གཞི་ལག་བསྟར་བྱས་པ་དང་ཆབས་ཅིག རང་སྐྱོང་ལྗོངས་སུ་ཡོངས་བསྒྲགས་ངང་བསྡུ་བ་དང་།

    གཞུང་གྲོན་བཏང་བའི་དགེ་འོས་སློབ་མའི་ལས་ཞུགས་དང་ཤེས་ལྡན་པ་ནང་འདྲེན། དང་བླངས་པ་བོད་དུ་གཞི་ཆགས་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་སློབ་གྲྭ་ཁག་གི་དགེ་རྒན་ཁ་གསབ་བརྟན་པོ་ཐུབ་པར་བྱས་ནས་ཕུལ་བྱུང་གི་ཤེས་ལྡན་པ་དེ་བས་མང་བ་དགེ་རྒན་དཔུང་ཁག་ནང་ཞུགས་ཐུབ་པར་བྱས་ཡོད།

    སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་ཀྱི་བྱང་ཚད་མཐོ་རུ་བཏང་བ།

    དགེ་རྒན་དཔུང་ཁག་གི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་ཆེད་རང་ལྗོངས་ཀྱིས་བསམ་བློ་ཆབ་སྲིད་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་དེ་དགེ་རྒན་ལ་གདེང་འཇོག་བྱེད་པའི་ཚད་གཞི་ཨང་དང་པོར་བརྩིས་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་། ལས་རིགས་ཀྱི་ཕུགས་བསམ། ལས་རིགས་ཀུན་སྤྱོད། རིག་གཞུང་ཚད་གཞི་བཅས་དགེ་རྒན་གྱི་ལས་གནས་གོང་གི་གསོ་སྐྱོང་དང་། ལས་གནས་ནང་ཞུགས་རྗེས་ཀྱི་གསོ་སྦྱོང་དང་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ནང་དགེ་རྒན་ཞུགས་པ་དང་རང་རྟོགས་ངང་བྱ་སྤྱོད་ཚད་གཞིར་བརྩི་སྲུང་ཞུ་བའི་རྣམ་པ་བཟང་པོ་ཧུར་ཐག་བཏོད་ཡོད།

    —— ལྗོངས་ཡོངས་ཀྱི་དགེ་རྒན་གྱི་བསམ་བློ་ཆབ་སྲིད་སློབ་གསོའི་གསོ་སྦྱོང་བྱས་ནས“མི་གང་འདྲ་ཞིག་གསོ་སྐྱོང་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པའི”ཆེད་དོན་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་རྒྱ་ཆེའི་དགེ་རྒན་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཡོད།

    —— ལྗོངས་ཡོངས་ཀྱི་དགེ་རྒན་གྱིས“ཡིག་རྒྱུགས་གཅིག་དང་དཔྱད་བསྡུར་གསུམ”(ལས་སྒོའི་ཤེས་བྱའི་ཆུ་ཚད་རྒྱུགས་ལེན་དང་། བསམ་བློ་ཆབ་སྲིད་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལ་དཔྱད་བསྡུར། སློབ་ཁང་གི་སློབ་ཁྲིད་འཇོན་ཐང་དཔྱད་བསྡུར། ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ནུས་པར་དཔྱད་བསྡུར)དང་སློབ་ཁྲིད་ཀྱི་རྩལ་ནུས་སྦྱོང་བརྡར་ཆེན་པོའི་བྱེད་སྒོ་སྤེལ་ནས་སློབ་སྤྱི་གྲགས་ཅན་དང་དགེ་རྒན་གྲགས་ཅན་འདེམས་སྒྲུག་གསོ་སྐྱོང་འདུ་འགོད་ལག་ལེན་བསྟར་ཡོད།

    —— “རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་། སློབ་གྲྭ”བཅས་རིམ་ལྔའི་གསོ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་བ། 2012ལོ་ནས་བཟུང“རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི”དང“རང་སྐྱོང་ལྗོངས་ཀྱི་གསོ་སྦྱོང་འཆར་གཞིར”བརྟེན་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་སྤྱི་དང་དགེ་རྒན་མི་ཐེངས་ཁྲི་30ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད།

    “ད་ཆ་གསོ་སྦྱོང་གི་གོ་སྐབས་ཇེ་མང་དུ་འགྲོ་བཞིན་ཡོད་ལ་སྲིད་ཇུས་ཀྱང་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད་པས་ང་ཚོའི་སེམས་ཤུགས་ཀྱང་འཕེལ་སོང”ད་ཆའི་འཕེལ་རྒྱས་ཀྱི་ཁོར་ཡུག་གླེང་སྐབས་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་སློབ་ཆུང་གཉིས་པའི་སློབ་སྤྱི་དཀོན་མཆོག་དབང་འདུས་ཀྱིས་འབྱུང་འགྱུར་དགེ་རྒན་ཚོའི་ལས་རིགས་བྱང་ཚད་སྔར་བས་མཐོ་རུ་འགྲོ་རྒྱུ་དང་སློབ་གསོའི་སྤུས་ཚད་ཇེ་ལེགས་སུ་འགྲོ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་བརྗོད།

    དགེ་རྒན་གྱི་ཐོབ་ཐང་ལ་འགན་ལེན་བྱས་ནས་དགེ་རྒན་ལ་བརྩི་བཀུར་ཞུ་བའི་དར་སྲོལ་བཏོད་པ།

    དགེ་རྒན་གྱིས་དུས་ཡུན་རིང་པོ་སློབ་ཁྲིད་བྱེད་པ་དང་ཚེ་གང་སློབ་ཁྲིད་བྱེད་པའི་གཟི་བརྗིད་ཀྱི་བསམ་པ་དང་། ལས་འགན་སྒྲུབ་སེམས། ཐོབ་སྣང་བཅས་ཆེ་རུ་གཏོང་ཆེད་རང་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་མཉམ་སྤྱོད་ཀྱིས་དགེ་རྒན་གྱི་གནས་བབ་དང་ཐོབ་ཐང་མཐོ་རུ་བཏང་བས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད།

    —— གྲོང་གསེབ་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་ལེན་ཤུགས་ཆེན་བསྟར་ནས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་15.51དོན་འཁྱོལ་བྱས་པར་གྲོང་གསེབ་དགེ་རྒན་ཁྲི་2ཙམ་ལ་ཕན་པ་ཐོབ་ཡོད།

    —— དགེ་རྒན་གྱི་གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གྲྭ་འབྲིང་ཆུང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་དགེ་རྒན་གྱི་གོ་མིང་མཐོ་རིམ་གོ་མིང་བར་བཀོད་སྒྲིག་བྱས་པ་དང་སློབ་གྲྭ་འབྲིང་ཆུང་ལ་མཐོ་རིམ་དགེ་རྒན་གྱི་གོ་མིང་དཔྱད་འདེམས་དབང་ཆ་གཤམ་སྤྲོད་བྱས་པ། གོ་མིང་དཔྱད་འདེམས་དེ་ས་བབ་མཐོ་ལ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་དང་གྲོང་གསེབ་སློབ་གྲྭའི་དགེ་རྒན་ལ་སྔར་བས་ཕྱོགས་ཡོད།

    —— དུས་བཀག་ནང་ཕུལ་བྱུང་དགེ་རྒན་དང་། དཔེ་ཁྲིད་མི་སྐྱོང་གི་མིག་དཔེ། ཕུལ་བྱུང་སློབ་གསོའི་ལས་དོན་པ་སོགས་དཔྱད་འདེམས་བྱས་པས་རྒྱ་ཆེའི་དགེ་རྒན་གྱི་ལས་རིགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་ཡོད།

    འབྱུང་འགྱུར་ལ་ཁ་ཕྱོགས་ནས་ལྗོངས་ཡོངས་ཀྱི་དགེ་རྒན་གྱིས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་འཁུར་བའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་པ་དེ་རང་ཉིད་ཀྱི་ལས་འགན་ལ་བརྩིས་ནས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ“བཞི་ལྡན”གྱི་དགེ་རྒན་ཡག་པོ་དང“ལམ་སྣེ་འཁྲིད་མཁན་བཞི”ཧུར་ཐག་བྱས་ནས་དཔེ་ཁྲིད་མི་སྐྱོང་དང་རྩ་བ་གསོ་ཞིང་བློ་སྦྱོང་བྱས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་ཤེས་ལྡན་པའི་རྨང་གཞི་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།