དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་དཀར་མཛེས་སུ་ལྗང་མདོག་གློག་ཤུགས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཏིང་དབྱི་ཐིང་།   |     སྤེལ་དུས།  2023-09-17

    འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་ཧོར་ར་ཤང་དུ་གནས་པའི་ཧོར་ར་འོད་ཤུགས་གློག་ཁང་ཡིན་པ།

    འདི་ནི་ཉག་ཆུའི་ཆུ་གཉིས་མདོའི་ཆུ་ཤུགས་གློག་ཁང་གི་ལྟེ་བའི་ཚོད་འཛིན་ཁང་དུ་ལས་དོན་མི་སྣས་ཆུ་ཤུགས་དང་འོད་ཤུགས་གློག་འདོན་ལ་སྙོམས་སྒྲིག་དང་ལྟ་བཤེར་ཚོད་འཛིན་བྱེད་བཞིན་པ།

    འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་ཧོར་ར་ཤང་དུ་གནས་པའི་ཧོར་ར་འོད་ཤུགས་གློག་ཁང་ཡིན་པ།

    འདི་ནི་ཉག་ཆུའི་ཆུ་གཉིས་མདོའི་ཆུ་ཤུགས་གློག་ཁང་ཡིན་པ།

    འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་ཧོར་ར་ཤང་དུ་གནས་པའི་ཧོར་ར་འོད་ཤུགས་གློག་ཁང་ཡིན་པ།

    འདི་ལོའི་ཟླ་6པར་གོ་ལ་ཧྲིལ་པོར་ཆེ་ཤོས་དང་ས་བབ་མཐོ་ཤོས་ཡིན་པའི་ཆུ་འོད་གསབ་རེས་རྣམ་གྲངས་ཏེ། རྒྱལ་ཁབ་མ་འཇོག་ཉག་ཆུའི་ཧོར་ར་དུས་ཐེངས་དང་པོའི་འོད་ཤུགས་གློག་ཁང་འདི་གར་ཐོན་སྐྱེད་བྱེད་འགོ་ཚུགས་ཤིང་། གློག་ཁང་གི་གློག་སྐུད་སྤྱི་ལེ་50སར་ཡོད་པའི་ཆུ་གཉིས་མདོའི་ཆུ་ཤུགས་གློག་ཁང་དང་སྦྲེལ་མཐུད་བྱས་པ་བརྒྱུད་འོད་གློག་དང་ཆུ་གློག་མཉམ་དུ་སྤྱད་དེ་གོ་ལ་ཧྲིལ་པོའི་ཆུ་འོད་གསབ་རེས་གཞི་ཁྱོན་ཆན་ཝ་ཁྲི་བརྒྱ་རིམ་པའི་བར་མཐོ་རུ་ཐེངས་དང་པོར་ཕྱིན་ནས་གློག་བེད་སྤྱོད་མང་བའི་ནམ་དུས་ལ་ལྗང་མདོག་གློག་ནུས་མཁོ་འདོན་ཐུབ་རྒྱུ་རེད།

    གྲང་ངར་ཆེ་ལ་ས་བབ་མཐོ་བའི་ས་ཁུལ་དུ་འོད་ཤུགས་རྣམ་གྲངས་ཆེ་གྲས་སྐྲུན་སྐབས་འཛུགས་སྐྲུན་པ་ཁྲི་2ལྷག་ཙམ་ལ་འགྲན་སློང་གང་དག་འཕྲད་ཡོད་དམ། དཀའ་གནད་རེ་རེ་བཞིན་ཇི་ལྟར་བསལ་ཡོད་དམ། དེའི་ཐད་གསར་འགོད་པས་བཅར་འདྲི་བྱས་པ་ཡིན།

    ཨར་ལས་ཀྱི་དཀའ་ཚེགས་ཆེ་བ།

    ཆུ་ནུས་དང་། ཉི་ནུས། རླུང་ནུས་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། རྣམ་གྲངས་ཀྱི་གཞི་ཁྱོན་ཆན་ཝ་དུང་ཕྱུར་2.5ཙམ་འོས་སྦྱོར་ལག་བསྟར་བྱས་པ་དེ་འགག་གསུམ་གློག་ཁང་11གི་གློག་འདོན་ཤུགས་དང་ཧ་ལམ་མཚུངས་པས་དཀར་མཛེས་ཀྲོའུ་ལ“ལྗང་མདོག་ནུས་རྒྱུ་དང་གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད”ཅེས་བརྗོད་ཆོག ཡིན་ནའང་རླུང་གློག་ལ་སྐབས་བསྟུན་རང་བཞིན་དང་། འཕར་ཆག་རང་བཞིན། ནམ་དུས་དོ་མི་སྙོམས་པའི་རང་བཞིན་བཅས་ལྡན་པས་གཞི་ཁྱོན་ཆེན་པོས་གློག་དྲ་དང་སྦྲེལ་མཐུད་བྱས་ཚེ་གློག་དྲའི་བདེ་འཇགས་དང་བརྟན་པོ་ཡོང་བར་འགྲན་སློང་འཕྲད་སྲིད། འོད་གློག་ཆུ་གློག་ས་ཚིགས་དང་སྦྲེལ་མཐུད་བྱས་ཏེ་ཆུ་གློག་གི་སྟབས་བསྟུན་སྙོམས་སྒྲིག་ནུས་པར་བརྟེན་ནས་འོད་གློག་གི་ནུས་ཚད་ཀྱི་འཕར་ཆག་རང་བཞིན་བརྟན་དུ་གཏོང་བར་ཆུ་འོད་གསབ་རེས་ཀྱི་ཇུས་གཞི་ལག་བསྟར་བྱས་ཚེ་དཀའ་གནད་དེ་སེལ་ཐུབ་ཀྱི་ཡོད་པ་རེད།

    “ནམ་དུས་རང་བཞིན་གྱི་ཧེ་བག་ནས་བལྟས་ཚེ། དཀར་མཛེས་ཀྲོའུ་ཡི་འོད་ཤུགས‘དགུན་དཔྱིད་གཉིས་ལ་གློག་གཏོང་ཤུགས་ཆེ་བ་དང་སྟོན་དབྱར་གཉིས་ལ་གློག་གཏོང་ཤུགས་ཆུང་བ’དེ་ཆུ་ཤུགས་གློག་གཏོང་གི‘དབྱར་ཁ་ཆུ་རྒྱས་པའི་དུས་སུ་གློག་གཏོང་ཤུགས་ཆེ་བ་དང་དགུན་ཁ་ཆུ་བྲི་བའི་དུས་སུ་གློག་གཏོང་ཤུགས་ཆུང་བ’དང་རང་བཞིན་དུ་ལོ་འདིའི་ནང་ཚུན་ཕན་ཚུན་གསབ་རེས་ཐུབ་ཀྱི་ཡོད”ཅེས་རྒྱལ་ཁབ་མ་འཇོག་ཉག་ཆུ་ཀུང་སིའི་ཆུ་གཉིས་མདོའི་འཛུགས་སྐྲུན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝང་ཅིན་གོ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ཆུ་ཤུགས་དང་འོད་ཤུགས་མཉམ་དུ་སྤྱད་རྗེས་གློག་ཤུགས་བརྟན་པོ་བྱུང་ནས་གློག་དྲར་ནུས་རྒྱུ་གསར་པ་དེ་བས་མང་བ་བསྡུ་ལེན་ཐུབ་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ་རེད།

    2022ལོའི་ཟླ་བདུན་པར་ཧོར་ར་དུས་ཐེངས་དང་པོའི་འོད་ཤུགས་གློག་ཁང་སྐྲུན་འགོ་ཚུགས་ཤིང་། ཇུས་འགོད་གཞིར་བཟུང་། གློག་ཁང་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་20ཟིན་ནས་དུད་ཚང་ཁྲི་70ཙམ་གྱི་གློག་གི་དགོས་མཁོ་སྐོང་ཐུབ་ཅིང་། ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་60ལྷག་ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་160ལྷག་ཙམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་པ་རེད།

    གློག་ཤུགས་བདེ་འཇགས་ངང་མཁོ་སྤྲོད་བྱེད་པར་འགན་ལེན་ཐུབ་ལ་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཀྱང་ཐུབ་ནས་རྣམ་གྲངས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཧ་ཅང་ཆེན་པོ་ཡོད་མོད། འོན་ཀྱང་འགྲན་སློང་ལའང་སྣང་ཆུང་བྱེད་མི་རུང་སྟེ།

    རང་བྱུང་ཁོར་ཡུག་ཞན་པ། ཨར་ལས་ས་ཁོངས་ཀྱི་ས་བབ་མཐོ་ཚད་སྨི་4600ཟིན་པ་དང་། སྨུག་ཕྱིའི་འོད་ཟེར་གྱི་ཁྱབ་འགྱེད་ཐང་གཤོང་ས་ཁུལ་ལས་90%ཡིས་མཐོ་བ། གསོ་རླུང་འདུས་ཚད་50%ཡིས་དམའ་བ། ལོ་གཅིག་གི་གསུམ་ཆ་གཅིག་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20མན་ཟིན་གྱི་ཡོད།

    ཨར་ལས་ཀྱི་ཆ་རྐྱེན་ཞན་པ། གྲང་ངར་ཆེ་ལ་ས་བབ་མཐོ་བའི་ས་ཁུལ་དུ་མི་དང་འཕྲུལ་ཆས་ཀྱི་ཕན་འབྲས་ཆུང་དུ་འགྲོ་བ་དང་འཕྲུལ་ཆས་ལ་སྐྱོན་ཤོར་ཚད་50%ཙམ་མཐོ་རུ་འགྲོ་གི་ཡོད། ལྷག་པར་དུ་གློག་ཁང་གི་ལེ་ལག་ཚང་བའི་འཛུགས་སྐྲུན་གྱི་ཆན་ཧྥུའུ་500ཟིན་པའི་གཅིག་སྡུད་ས་ཚིགས་ཀྱི་གློག་གཏོང་ལས་གྲྭ་སྤྱི་ལེ་20ཡི་མི་མེད་ཁུལ་བརྒྱུད་དགོས་ཀྱི་ཡོད། ལམ་རྒྱུད་དུ་སྔོ་ཁེབས་ཀྱིས་ཁེངས་པ་དང་ཆུ་གཉིས་མདོའི་ཆུ་མཛོད་ཁུལ་ནས་ཐེངས་གསུམ་སྒྲོལ་དགོས་ཀྱི་ཡོད་ལ་འཕྲིན་གཏོང་དྲ་རྒྱའང་མེད། འཛུགས་སྐྲུན་པ་ཚོས་ཚེར་སྡོང་ནགས་ཚལ་སྟུག་པོའི་ཁྲོད་དུ་སྨི་45ལྷག་ཙམ་ཟིན་པའི་གཟར་ཐུར་འཛེགས་ནས་འགག་སྒྲོལ་དཀའ་སེལ་གྱིས་གློག་སྒྲོམ་འཛུགས་དགོས་ཀྱི་ཡོད་པ་རེད།

    འཛུགས་སྐྲུན་དུས་ཡུན་ཐུང་བ། ཧོར་ར་དུས་ཐེངས་དང་པོའི་འོད་ཤུགས་གློག་ཁང་གི་འདེགས་སྒྲོམ་ལ་ངར་ལྕགས་ཏུན་ཁྲི་5ཙམ་སྤྱད་པ་དེ་པེ་ཅིང་གི་བྱིའུ་ཚང་ལུས་རྩལ་ཁང་བསྐྱར་བཟོ་བྱས་པ་དང་གཅིག་མཚུངས་ཡིན་པ་དང་། འོད་ཤུགས་ཀྱི་རྨང་གཞིའི་གློག་ཤིང་རྐང་ཁྲི་52.7མཉམ་དུ་སྦྲེལ་བར་རིང་ཚད་བསྡོམས་འབོར་སྤྱི་ལེ་1400ལྷག་ཙམ་ཟིན་པ། སྒྲིག་ཆས་དང་དངོས་ཟོག་དབོར་འདྲེན་བསྡོམས་འབོར་རླངས་འཁོར་ཐེངས་གྲངས་ཁྲི་1ལྷག་ཙམ་ཟིན་ཞིང་། རིམ་རྩིས་བྱས་ན་ལམ་ཐག་སྤྱི་ལེ་ཁྲི་1000ཙམ་ཟིན་ཡོད། འདི་ལོའི་གློག་བེད་སྤྱོད་མང་བའི་ནམ་དུས་མ་ཤར་གོང་འཁོར་སྐྱོད་ཐུབ་ཆེད་ལས་གྲྭ་ཆེན་པོ་དེ་ལྟ་བུ་ལོ་གཅིག་ཀྱང་མ་འགོར་བར་ཚང་མ་བསྐྲུན་མཇུག་འགྲིལ་བ་ནི་ལས་སླ་པོ་ཞིག་གཏན་ནས་མ་རེད།

    གསར་གཏོད་བྱ་ཐབས་མང་བ།

    ཨར་ལས་བྱ་ཡུལ་གྱི“གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པའི”སྦྱར་ཡིག་ནི་ཧོར་ར་དུས་ཐེངས་དང་པོའི་འོད་ཤུགས་གློག་ཁང་འཛུགས་སྐྲུན་པའི་སྙིང་སྟོབས་ཀྱི་མཚོན་ཚུལ་ཙམ་ཞིག་རེད། འགྲན་སློང་མང་པོའི་མདུན་དུ་ཁོང་ཚོས་གསར་གཏོད་བྱེད་མཁས་པ་དང་ཡག་ཐོག་ཡག་བརྩེགས་ཀྱིས་སྔ་རྗེས་སུ་ལག་རྩལ་གྱི་དཀའ་གནད་ཁག་10ལྷག་ཙམ་བསལ་ནས་གྲང་ངར་ཆེ་ལ་ས་བབ་མཐོ་བའི་ས་ཁུལ་དུ་འོད་ཤུགས་རྣམ་གྲངས་ཆེ་གྲས་དགུན་དུས་སུ་གཞི་ཁྱོན་ཆེན་པོས་ཨར་ལས་བྱེད་པའི་སྔོན་དཔེ་བཏོད་ཡོད་པ་རེད།

    དྲོད་ཚད་ཀྱི་ཧེ་བག་ཧ་ཅང་ཆེན་པོ་ཡོད་སྟབས་ཨར་འདམ་ལུགས་རྒྱག་པའི་གཞི་སྒྲོམ་དམ་པོ་དང་བརྟན་པོ་མེད་པ་སོགས་ཀྱི་སྐྱོན་ཆ་ཐོན་གྱི་ཡོད། རྣམ་གྲངས་ཚོགས་པས་ཚོད་ལྟ་ཡང་ཡང་བྱས་ཏེ་ཕྱོགས་གཅིག་ནས་ཨར་འདམ་ལ་སྐྱི་སྲབ་དང་། སྲིང་བལ་ཉལ་ཆས། ཐལ་འགོག་རས། གློག་གི་དྲོད་གདན་སོགས་སྣ་ཚོགས་བཀབ་པ་དང་། ཕྱོགས་གཞན་ཞིག་ནས་ཆུ་ཁོལ་བསྲེས་པ་དང་དཀག་བྱེད་རྫས་དང་འཁྱག་འགོག་རྫས་སོགས་བླུགས་ནས་ཨར་འདམ་གྱི་དྲོད་ཚད་མཐོ་རུ་དང་འཁྱག་འགོག་རང་བཞིན་ཆེ་རུ་བཏང་སྟེ་ཨར་ལས་ཀྱི་སྤུས་ཚད་ལ་འགན་ལེན་བྱས་ཡོད་པ་རེད།

    ཧོར་ར་དུས་ཐེངས་དང་པོའི་འོད་ཤུགས་གློག་ཁང་དུ་འོད་ཤུགས་པང་ལེབ་ཁག་གཅིག་ལ་ངོས་སྙོམས་མདའ་རྐྱང་གི་རྗེས་འདེད་སྒྲོམ་གཞི་བསྒར་ཡོད་པས་ཉི་འོད་གང་ཡོད་དུ་ཟུར་ཚད་ལེགས་སྒྲིག་ཐུབ་ནས་ཚད་གཞི་མཐོན་པོས་ཉི་ནུས་སྤྱོད་ཐུབ་པ་དང་གློག་གཏོང་བའི་ལས་ཕྱོད་ཆེ་རུ་འགྲོ་ཐུབ་ཀྱི་ཡོད། རྣམ་གྲངས་ཀྱི་འབྲེལ་ཡོད་མི་སྣ་དབྱང་ཀྲི་ཝུའེ་ཡིས་ངོ་སྤྲོད་བྱས་དོན། ངོས་སྙོམས་མདའ་རྐྱང་འདེགས་སྒྲོམ་གྱི་རྗེས་འདེད་ཟུར་ཚད་མཐོ་ཤོས་ནི་ཏུའུ་45ཡིན་པས་གློག་གཏོང་ཚད་10%མང་དུ་གཏོང་ཐུབ་ཀྱི་ཡོད། དེ་ཙམ་མ་ཟད་འོད་ཤུགས་པང་ལེབ་ཀྱི་ངོས་གཉིས་ཀར་ཤེལ་གྱི་རྒྱུ་ཆ་སྤྱད་པས་ཉི་མར་ཕྱོགས་པའི་ངོས་ནས་གློག་གཏོང་ཐུབ་པ་མ་ཟད། ཁ་བ་འབབ་པའི་དུས་སུ་རྒྱབ་ངོས་ནས་ཀྱང་ཁ་བའི་ངོས་ལས་འཕྲོས་པའི་འོད་བསྡུ་ལེན་ཐུབ་སྟེ་གློག་གཏོང་ལས་ཕྱོད་20%ཙམ་མཐོ་རུ་གཏོང་ཐུབ་ཀྱི་ཡོད་པ་རེད།

    ས་རྒྱ་ཆེ་བ་དང་གྲང་ངར་ཆེ་ལ་ས་བབ་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་འོད་ཤུགས་པང་ལེབ་ཁྲི་200ལྷག་ཙམ་གྱི་གཉེར་སྐྱོང་ཐད་འགྲན་སློང་ཆེན་པོ་འཕྲད་ཡོད། ཧོར་ར་དུས་ཐེངས་དང་པོའི་འོད་ཤུགས་གློག་ཁང་གི་རིག་ནུས་བཀོལ་སྤྱོད་བདག་སྐྱོང་གཞི་གཅིག་ཅན་གྱི་ལས་སྟེགས་ནས་འོད་ཤུགས་ཁུལ་དང་། གློག་འདྲེན་སྐུད་ལམ། གློག་སྒྱུར་ས་ཚིགས་སོགས་ས་ཁོངས་ཀྱི་སྒྲིག་ཆས་འཁོར་སྐྱོད་བྱེད་པའི་གྲངས་གཞི་གསལ་པོ་མཐོང་གི་ཡོད། བརྒྱུད་ཚོར་མཉམ་འབྲེལ་ཐུབ་པ་བརྒྱུད་མ་ལག་ལ་བརྟེན་ནས་སྐྱོན་ཆར་རིག་ནུས་བརྟག་དཔྱད་དང་དབྱེ་ཞིབ་ཐུབ་པ་དང་འབྲེལ། བདེ་འཇགས་ཉེན་ཟོན་གྱི་སྔོན་བརྡའང་གཏོང་ཐུབ་ཀྱི་ཡོད་པ་རེད།

    ཟླ་བ་6ཀྱང་མ་འགོར་བའི་ཨར་ལས་དུས་ཡུན་ནང་ཧོར་ར་དུས་ཐེངས་དང་པོའི་འོད་ཤུགས་གློག་ཁང་གི་འཛུགས་སྐྲུན་པ་སྐལ་བཟང་མེ་ཏོག་ཇི་བཞིན་སི་ཁྲོན་ནུབ་རྒྱུད་ས་མཐོར་རྩ་བ་ཚུགས་ཡོད་པ་རེད།

    སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ།

    “དེ་སྔོན་ཉེ་འགྲམ་དུ་ཕྱུགས་འཚོ་གི་ཡོད། གློག་ཁང་དུ་ལས་ཀ་བྱས་པར་ཉིན་རེར་སྒོར་200ལྷག་ཙམ་རག་གི་འདུག་པས་ཟླ་བ་གཅིག་ལ་སྒོར་ལྔ་སྟོང་དྲུག་སྟོང་ཙམ་རག་གི་འདུག”ཅེས་ཉག་ཆུ་རྫོང་ཧོར་ར་ཤང་ཡིད་དབྱངས་གྲོང་ཚོའི་ཡུལ་མི་ཆོས་འཕེལ་གྱིས་བརྗོད་པ་དང་། ཨར་ལས་ཚན་པར་སྒར་ས་སྐྲུན་པ་དང་འདེགས་སྒྲོམ་སྒྲིག་སྦྱོར་བྱེད་རོགས་བྱེད་མཁན་ཆོས་འཕེལ་ཁྱིམ་ཚང་གི་འཚོ་བ་ལེགས་སུ་ཕྱིན་ཡོད། དབྱང་ཀྲི་ཝུའེ་ཡིས་ངོ་སྤྲོད་བྱས་དོན། གློག་ཁང་འཛུགས་སྐྲུན་བྱེད་རིང་ས་གནས་དེ་གའི་མང་ཚོགས་ལ་ལས་གནས་3000ལྷག་ཙམ་མཁོ་འདོན་བྱས་ནས་ཞིང་དུད་ལ་ཡོང་འབབ་སྒོར་ཁྲི་1000ཙམ་འཕར་ཡོད། གློག་གཏོང་འགོ་ཚུགས་རྗེས་ད་དུང་འོད་ཤུགས་གཙང་བཟོ་དང་། བདེ་འཇགས། གཙང་སྦྲ་སོགས་ཀྱི་ལས་གནས་མུ་མཐུད་མཁོ་འདོན་བྱ་རྒྱུ་རེད།

    གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་15ཤར་བགྲོད་ཐུབ་པར་བྱས་ནས་དུད་ཚང་ལ་སྐྱོད་སའི་ལམ་བསྐྲུན་པ་དང་། གྲོང་ཚོའི་རྣམ་པ་ལེགས་སུ་བཏང་ནས་5Gདང་དྲ་ཆེན་ཞིང་དུད་ལ་ཁྲིད་པ། ཨར་ལས་ཚན་པས་གྲོང་ཚོའི་དུད་ཚང་དབུལ་པོ་དང་འབྲེལ་གཏུག་ཆ་སྒྲིག་བྱས་ནས་གཅིག་གཏད་གཅིག་གི་རོགས་སྐྱོར་བྱས་པ་སོགས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཧོར་ར་དུས་ཐེངས་དང་པོའི་འོད་ཤུགས་གློག་ཁང་གིས“འོད་ཤུགས+ལས་ཞུགས”དང་། “འོད་ཤུགས་+རྨང་གཞིའི་སྒྲིག་བཀོད་ལེགས་གཏོང”“འོད་ཤུགས+དང་བླངས་རོགས་སྐྱོར”སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད་རྣམ་གྲངས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་བཏང་བ་རེད།

    ཧོར་ར་དུས་ཐེངས་དང་པོའི་འོད་ཤུགས་གློག་ཁང་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་བསྟུན་ནས་རྒྱལ་ཁབ་མ་འཇོག་ཉག་ཆུ་ཀུང་སིའི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་2000ལྷག་ཙམ་ཟིན་པ་དེས་སི་ཁྲོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་བསྡོམས་འབོར་གྱི་1/5ཟིན་པ་དང་ལོ་ལྟར་གློག་ཤུགས་གཙང་མ་ལེགས་སྐྱེས་འབུལ་ཚད་ཆན་ཝ་དུང་ཕྱུར་1000ཙམ་ཟིན་ཡོད་པ་རེད།

    “ང་ཚོས་ཉག་ཆུ་འབབ་རྒྱུད་ཀྱི་ལྗང་མདོག་ནུས་རྒྱུ་གསར་སྤེལ་མགྱོགས་པོ་བྱེད་བཞིན་ཡོད། འབྱུང་འགྱུར་སྒྲིག་སྦྱོར་འཕྲུལ་འཁོར་གཞི་ཁྱོན་ཆན་ཝ་དུང་ཕྱུར་1ལྷག་ཙམ་ཟིན་པར་བྱས་ནས་ལོ་ལྟར་གློག་ཤུགས་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་3000ཙམ་ལེགས་སྐྱེས་འབུལ་ཐུབ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་དུང་ཕྱུར་ཁྲི་རིམ་པའི་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་རྒྱུ་རེད”ཅེས་རྒྱལ་ཁབ་མ་འཇོག་ཉག་ཆུའི་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཆི་ཉིང་ཁྲུན་གྱིས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།