ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ལ“ཚོགས་སྒྲིག་རྣམ་པའི”སྨན་བཅོས་རོགས་སྐྱོར་བྱས་པས།
རོགས་སྐྱོར་ཐོབ་ཁུལ་སྨན་ཁང་གི་སྨན་བཅོས་ནུས་པ་ཆེ་རུ་ཕྱིན་ཏེ་གཙོ་གནད་ཆེད་ཚན་འཛུགས་སྐྱོང་ལ་ཚད་བརྒལ་བྱུང་བ།
མཚན་མོ་ཞིག་ལ་མྱུར་སྐྱོབ་རླངས་འཁོར་ཞིག་ནང་ཁྲག་མང་པོ་ཤོར་བའི་ཉེན་ཚབས་ཆེ་བའི་སྦྲུམ་མ་ཞིག་ཁྲིད་ཡོང་། གཤགས་བཅོས་ཁང་དུ་བུ་བཙའ་ཚན་ཁག་དང་། སྦྲིད་སྨན་ཚན་ཁག སྒྲ་རླབས་ཚན་ཁག ཕྲུ་གུ་དམར་འབྱར་ཚན་ཁག་སོགས་ཚན་ཁག་མི་འདྲ་བའི་སྨན་པ་དང་སྨན་བཅོས་ལག་རྩལ་པས་གཞོགས་འདེགས་དམ་ཟབ་བྱས་པར་བརྟེན། དུས་ཚོད་སྐར་མ་31ལས་མ་འགོར་བར་གཤགས་བཅོས་ལེགས་གྲུབ་ཐུབ་ནས་མ་བུ་བདེ་ཐང་བྱུང་བ་རེད།
འདི་ནི་འདི་ལོའི་ལོ་འགོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་མི་དམངས་སྨན་ཁང་དུ་ཐོན་པའི་གནས་ཚུལ་ཞིག་རེད། མཚན་མོ་དེར་མྱུར་སྐྱོབ་ལས་དོན་ལ་ཞུགས་མཁན་ཚོར་ཐུན་མོང་གི་ཐོབ་ཐང་ཞིག་ཡོད་པ་ནི་མཚོ་བྱང་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཧྲན་ཏུང་ཞིང་ཆེན་གྱི་སྨན་བཅོས་ཤེས་ལྡན་པ་ཡིན་པ་རེད། མཚོ་སྐྱོར་ཚོགས་པས་2019ལོ་ནས་སྤེལ་བའི“དོ་དམ་ཤེས་ལྡན་པ་+ནད་ཐོག་སྨན་པ་+སྨན་བཅོས་ལག་རྩལ་པའི”“ཚོགས་སྒྲིག་རྣམ་པའི”སྨན་བཅོས་རོགས་སྐྱོར་བྱས་པའི་དྲིན་གྱིས་ན་ནིང་གི་ཟླ་བདུན་པ་ནས་ད་བར་ཚོགས་པ་དེས་ཉེན་ཚབས་ཆེ་བའི་སྦྲུམ་མ་23སྐྱོབ་བཅོས་བྱས་ནས་མཚོ་བྱང་ཀྲོའུ་རུ་ལོ་2བསྟུད་མར་སྦྲུམ་མ་གཅིག་ཀྱང་ཤི་མེད་པ་རེད།
ཧྲན་ཏུང་གི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་མཚོ་སྐྱོར་ཤེས་ལྡན་པ་ལོ་རེར་ཁག་རེ་བརྗེས་ནས་2023ལོར་ཁག་ལྔ་པ་སླེབས་ཡོད། “ཚོགས་སྒྲིག་རྣམ་པའི”མཚོ་སྐྱོར་གྱིས་ཕྱོགས་ཁག་ལ་མཉམ་སྒྲུབ་བྱེད་ནུས་འདོན་སྤེལ་བྱེད་དུ་བཅུག་པ་མ་ཟད། ད་དུང་ཁ་གཏད་རོགས་སྐྱོར་ལས་དོན་ཁྲོད་ཀྱི་དཀའ་གནད་གང་དག་ཐག་གཅོད་བྱས་ཡོད་མེད་དང་། ལོ་5ཡི་རིང་། བྱེད་སྟངས་འདི་ཇི་ལྟར་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ཡོད་མེད་སྐོར་ལ་གསར་འགོད་པ་ཉེ་ཆར་བཅར་འདྲི་བྱེད་པར་བསྐྱོད།
མཉམ་སྒྲུབ།
“མཚོ་སྐྱོར་ཤེས་ལྡན་པའི་ནུས་པ་གང་ལེགས་འདོན་པ་ནི་སྲིད་ཇུས་འདི་བཟོ་བའི་དམིགས་ཡུལ་རེད”
“ཚོགས་སྒྲིག་རྣམ་པའི”སྨན་བཅོས་མཚོ་སྐྱོར་ཤེས་ལྡན་པ་ཁག་ལྔ་པའི་མིང་ཐོར་ལྟ་སྐབས་བསྟོད་བསྔགས་མི་བྱེད་ཀ་མེད་རེད། ཀྲུང་དབྱང་རྩ་འཛུགས་པུས་འདེམས་གཏོང་བྱས་ནས་མིང་ཐོའི་ནང་ཚུད་པའི་མི་12ཁོ་ནའི་ཁྲོད་འབུམ་རམས་པ་5དང་རབ་འབྱམས་པ་7ཡོད་པ་དེ་དག་ལས་མི་5ལ་མཐོ་རིམ་རྒན་པའི་གོ་མིང་ཐོབ་ཡོད་པ་རེད། “ཁག་རེ་རེར་མིང་ཐོ་འགོད་མཁན་ཧ་ཅང་མང་པོ་ཡོད་པས་རིམ་པ་བཞིན་ལེགས་འདེམས་བྱེད་དགོས་ཀྱི་འདུག སྤྱིར་བཏང་4བསྡུར་1གི་བསྡུར་ཚད་ཐོག་ནས་འདེམས་མངགས་བྱེད་ཀྱི་ཡོད”ཅེས་ཧྲན་ཏུང་མཚོ་སྐྱོར་ལས་བྱེད་པ་མཚོ་བྱང་ཀྲོའུ་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ལི་ཁའེ་ཡིས་གསར་འགོད་པར་བཤད།
“ཚོགས་པ་གྲགས་ཅན”འདི་ལྟ་བུས་བྱ་སྤྱོད་ཇི་ལྟར་སྤེལ་ནས་ལས་ཆོད་ཆེ་རུ་བཏང་བ་རེད་དམ་ཞེ་ན།
“ཤེས་ལྡན་པ་འདི་དག་ནི་ཧྲན་ཏུང་ན་ཡོད་དུས་ཀྱང་སྨན་ཁང་མང་པོས་གདན་ཞུ་བྱེད་པའི‘ནོར་བུ’རེད། ཡིན་ན་ཡང་། ནད་བརྟག་སྨན་བཅོས་བྱེད་པར་རིག་ཚན་མང་པོའི་གཞོགས་འདེགས་བྱེད་དགོས། དཔེར་ན་གཤགས་བཅོས་བྱེད་པར་སྦྲིད་སྨན་མེད་ཐབས་མེད་པ་དང་ནད་གཞི་གཏན་འཁེལ་བྱེད་པར་གློག་པར་ཚན་ཁག་གི་པར་རིས་སྙན་ཞུ་དགོས་པ་ལྟ་བུ་རེད”གནས་ཚུལ་འདིར་དམིགས་ནས། ཚོགས་པས་ནད་ཐོག་སྨན་པ་མངགས་པའི་རྨང་གཞིའི་ཐོག་ད་དུང་དོ་དམ་ཤེས་ལྡན་པ་དང་སྨན་བཅོས་ལག་རྩལ་པ་ཡང་མངགས་ནས་ལས་དོན་སྤེལ་བར་གཞོགས་འདེགས་བྱས་ཡོད། “རྒྱབ་ཕྱོགས་ཀྱི་ལས་དོན་ཚང་མ་ལས་རོགས་ཚོར་སྤྲད་དེ་མཚོ་སྐྱོར་ཤེས་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པར་བྱེད་པ་ནི་སྲིད་ཇུས་འདི་བཟོ་བའི་དམིགས་ཡུལ་རེད”ཅེས་ལི་ཁའེ་ཡིས་བཤད།
ནད་ཐོག་སྨན་པ་དང་སྨན་བཅོས་ལག་རྩལ་པའི་བར་གཞོགས་འདེགས་དམ་ཟབ་ཡོང་བར་བྱེད་པར་དོ་དམ་ཤེས་ལྡན་པས་ནུས་པ་ཇི་ལྟར་འདོན་སྤེལ་བྱེད་དགོས་སམ་ཞེ་ན།
“དོ་དམ་ཤེས་ལྡན་པས་གཙོ་བོ་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད། ཁོང་ཚོས་ཀྲོའུ་མི་དམངས་སྨན་ཁང་དང་པོ་དང་མདའ་བཞི་རྫོང་མི་དམངས་སྨན་ཁང་སོགས་སྨན་ཁང་5ཡི་ཡོན་ཀྲང་དང་ཡང་ན་ལས་སྒོའི་ཡོན་ཀྲང་གཞོན་པའི་འགན་འཁུར་ཡོད། སྨན་པ་དང་སྨན་བཅོས་ལག་རྩལ་པ་ཚོས་ཚན་ཁག་ཁག་གི་འགན་འཁུར་བ་བྱས་ནས་བྱ་བ་དངོས་སྒྲུབ་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད”ཅེས་ལི་ཁའེ་ཡིས་བཤད་པ་དང་། ཁོང་གིས། གོང་ནས་འོག་བར་ཚོགས་པ་བཙུགས་ནས་སྒྱུར་བཅོས་ཁྱབ་གདལ་བཏང་ཚེ་གོང་འོག་བརྒྱུད་བསྒྲགས་ཐུབ་སྟེ་ལག་བསྟར་མྱུར་པོ་བྱེད་སྲིད་པས། དེ་ནི་སྒྱུར་བཅོས་ཀྱི་ནུས་པར་སྐུལ་འདེད་གཏོང་ཐུབ་པའི་བྱ་ཐབས་ཤིག་རེད་ཅེས་འགྲེལ་བཤད་བརྒྱབ།
2022ལོའི་ཟླ་7པར། རན་ཀྲང་ཧྲེན་མཚོ་བྱང་ཀྲོའུ་མི་དམངས་སྨན་ཁང་དང་པོའི་ཡོན་ཀྲང་ལ་གནས་སྦྱར་བྱས་ཤིང་། ཁོང་གི་གཙོ་ཁྲིད་འོག་MDT(རིག་ཚན་མང་བའི་བརྟག་བཤེར)བྱེད་སྟངས་ཁྱབ་གདལ་བཏང་བས། བཅོས་དཀའ་བའི་ནད་འཕྲད་སྐབས་ཡོན་ཀྲང་གིས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གྱིས་ཚན་ཁག་མང་པོ་མཉམ་དུ་གྲོས་མོལ་བགྲོ་གླེང་བྱ་རྒྱུ་དེ་རང་རྟོགས་སུ་གྱུར་ཡོད། རན་ཀྲང་ཧྲེན་གྱིས། “སྨན་ཁང་ཚང་མའི་ཡོན་ཀྲང་ནི་སྣེ་ཁྲིད་པ་ཞིག་རེད། མཚོ་བྱང་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས་ཤེས་ལྡན་པའི་འབྲེལ་གཏུག་ཞབས་ཞུའི་ལམ་སྲོལ་བཙུགས་ནས་དུས་ཐོག་ཏུ་གྲོས་འགོ་ཉན་གྱི་ཡོད། དེའི་དམིགས་ཡུལ་ནི་སྔར་བཞིན་ཤེས་ལྡན་པ་བཀོལ་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད”ཅེས་བཤད་པ་རེད།
གནད་སྨིན།
“ཤེས་ལྡན་པ་འདེམས་གཏོང་བྱ་རྒྱུ་ནི‘ཞིང་ཆུ་ལེབ་གཏོང’ཞིག་མིན་པར‘གནད་སྨིན་ཐིགས་ཆུ་གཏོང་བ’ཞིག་རེད”
“མ་གཞི‘ཚོགས་སྒྲིག་རྣམ་པ’ཞེས་བརྗོད་མོད། འོན་ཀྱང་ཤེས་ལྡན་པ་འདེམས་གཏོང་བྱ་རྒྱུ་ནི‘ཞིང་ཆུ་ལེབ་གཏོང’ཞིག་མིན་པར‘གནད་སྨིན་ཐིགས་ཆུ་གཏོང་བ’ཞིག་རེད” ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་པ་མཚོ་བྱང་ཀྲོའུ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅཱ་ཙེང་གིས་དེ་ལྟར་བརྗོད་ཅིང་། ཁོང་གིས་ས་མཐོའི་རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་ལ་དམིགས་པ་དང་ཆབས་ཅིག རོགས་སྐྱོར་བྱ་ཡུལ་ས་ཁུལ་དང་འབྲེལ་གཏུག་ཧུར་ཐག་བྱས་ནས། མཐུན་སྒྲིག་བྱེད་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས། སྐད་ཆ་ཚིག་གཅིག་ཏུ་བསྡུས་ན‘མཚོ་བྱང་ལ་མཁོ་ཚེ་ཧྲན་ཏུང་གིས་ནུས་པས་ལྕོགས་ཚོད’ཀྱིས་གནད་སྨིན་འབྲེལ་མཐུད་ཐུབ་པ་བྱེད་དགོས”ཞེས་ཚིག་ཐག་ཆོད་པོས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྐྱོར་ཚོགས་པས་མཚོ་བྱང་ཀྲོའུ་རུ་ཆེད་ཚན་སྨན་ཁང་2དང་ཆེད་དོན་བརྟག་བཅོས་ལྟེ་གནས་5བཙུགས་ཡོད་པ་རེད།
ཚོགས་པའི་ངོས་ནས་བརྗོད་ན། ཆེད་ཚན་སྨན་ཁང་དང་སྨན་དོན་བརྟག་བཅོས་ལྟེ་གནས་ནི་རང་ཚུགས་ཐུབ་པའི“སྡོང་ཆེན”ཞིག་ཡིན་མོད། འོན་ཀྱང“ཐིགས་ཆུ་གཏོང་བའི”ཐོག་མའི་དམིགས་ཡུལ་ནི་ཁྱད་ལྡན་ཚན་ཁག་རེ་རེ་འཛུགས་རྒྱུ་དེ་རེད།
མདའ་བཞི་རྫོང་མི་དམངས་སྨན་ཁང་ཁོག་ནད་ཚན་ཁག་ཏུ་སྐྱོད་སྐབས“ཧྲན་ཏུང་དང་མཚོ་སྔོན་གྱི་གྲགས་ཅན་སྨན་པའི་ལས་དོན་ཁང”གི་སྒོ་བྱང་མངོན་གསལ་དོད་སར་བཀལ་ཞིང་། ཧྲན་ཏུང་གི་མཚོ་སྐྱོར་ཤེས་ལྡན་པ་དང་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་ལི་ཞའོ་ཝུའེ་ཡིས་སྤོབས་པ་ཆེན་པོའི་ངང“ང་ནི་ལས་དོན་ཁང་གི་འགན་འཁུར་བ་སྐབས་གཉིས་པ་ཡིན། དཔེ་སྟོན་སློབ་ཁྲིད་དང་། ནད་བརྟག་སྨན་བཅོས་ཀྱི་བརྒྱུད་རིམ་གཏན་འཁེལ། ནད་ཐོ་ཚད་ལྡན་དུ་གཏོང་བ་སོགས་བརྒྱུད། ཚན་ཁག་གི་སྨན་པའི་སྨན་བཅོས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས། ཐོག་མའི‘སྐྱོར་ཁྲིད’ནས་ད་ལྟ་རང་མགོ་ཐོན་འདུག”ཅེས་བཤད།
མཚོ་སྐྱོར་འཆར་འགོད་དང་ཟུང་འབྲེལ་གྱིས་ཕྱོགས་ཁག་གི་རྒྱབ་སྐྱོར་འོག་2023ལོའི་ཟླ་6ཚེས་1ཉིན། ཧྲན་ཏུང་དང་མཚོ་སྔོན་གྱི་ས་མཐོའི་གཟུགས་པོ་བརྟག་དཔྱད་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། རན་ཀྲང་ཧྲེན་གྱིས་ས་མཐོའི་རྒྱུན་མཐོང་ནད་དང་ཐོན་མང་བའི་ནད་ལ་གཞིགས་ནས། གཟུགས་པོར་བརྟག་དཔྱད་ཀྱི་རྣམ་གྲངས་སྣ་ཚོགས་ཇུས་འགོད་བྱས་པ་མ་ཟད། ད་དུང་སྨན་ཁང་ལ་གློག་རྡུལ་གྱི་གཟུགས་པོ་བརྟག་དཔྱད་ཡིག་ཚགས་བཟོ་རོགས་ཀྱང་བྱས་པས། མང་ཚོགས་ཚོས་ལག་ཐོགས་ཁ་པར་བརྒྱུད་སྟབས་བདེ་པོའི་ངང་འཚོལ་བཤེར་ཐུབ་ཀྱི་ཡོད། ད་བར་གཟུགས་པོ་བརྟག་དཔྱད་ལྟེ་གནས་ཀྱིས་མི་1000ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། མཚོ་བྱང་ཀྲོའུ་མི་དམངས་སྨན་ཁང་དང་པོ་ཁོ་ནར་ཆ་མཚོན་ནའང་སྔོན་ཆད་མེད་པའི་ཚན་ཁག་དང་བརྟག་བཅོས་ལྟེ་གནས་6བཙུགས་ཡོད།
ཕུགས་ཕན།
“རོགས་སྐྱོར་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང‘ཚོགས་པའི’ཁྱབ་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ”
སྨན་བཅོས་ཐད་ཀྱི་མཚོ་སྐྱོར་ལས་དོན་དེ་སྤྱིར་ན་ལོ་གཅིག་གི་ཚད་གཞི་ཡིན་པས། ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་གཅིག་ཇི་ལྟར་གཏོད་རྒྱུ་དེ་ནི་རུ་མི་ཚོས་སེམས་ཁྲལ་ཆེ་ཤོས་ཀྱི་ལས་དོན་ཞིག་རེད། ད་ཆ“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་གྱིས་ཕུགས་ཕན་ནུས་པ་ཐོན་ནས་གསོན་ཤུགས་གསར་པ་བསྣན་ཡོད།
རྐང་ཚ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཝུའེ་ཧྲན་གྱིས་གདེང་ཚོད་ཆེན་པོས“དེ་སྔ་མ་གཞི་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཤེས་ལྡན་པ་ཚན་ཁག་ཚང་མར་ཁྱབ་ཡོད། དོན་དངོས་ཐོག་ལས་ཀ་བྱེད་རོགས་ཙམ་ཡིན་པས། དེའི་ནུས་པ་ཚན་ཁག་དེ་རང་ལ་ཁྱབ་པ་ཙམ་ལས་མཉམ་སྒྲུབ་ཀྱི་ནུས་པ་ཐོན་གྱི་མེད། ད་ཆ་མཚོ་སྐྱོར་དོ་དམ་ཤེས་ལྡན་པ་དང་། ནད་ཐོག་སྨན་པ། སྨན་བཅོས་ལག་རྩལ་པ་བཅས་ཀྱིས་མཉམ་ལས་དམ་ཟབ་བྱས་ནས། བཅོས་དཀའ་བའི་ནད་དམ་ཡང་ན་ལས་སྒོ་གསར་པ་སྤེལ་སྐབས། རྟག་ཏུ་གྲོས་བསྡུར་བྱེད་པ་དང་། ས་གནས་དེ་གའི་སྨན་པ་དང་སྨན་བཅོས་ལག་རྩལ་པ་སོགས་ལ་ཕན་ཚུན་འབྲེལ་འདྲིས་ཡག་པོ་བྱུང་ནས“ཚོགས་པས་ཚོགས་པ་འཁྲིད་པའི”ཕན་འབྲས་ཐོན་ཡོད་ལ། སྨན་ཁང་གི་ནད་བརྟག་སྨན་བཅོས་ནུས་པའང་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད”ཅེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། ལེའོ་ཁྲེང་གྲོང་ཁྱེར་གྱིས་རྐང་ཚ་རྫོང་མི་དམངས་སྨན་ཁང་དུ་ཁ་གཏད་རོགས་སྐྱོར་བྱེད་པར་ཡོང་མཁན་སྨན་བཅོས་ཤེས་ལྡན་པ་11ལས་མེད་པས། ཆེད་ལས་ཀྱི་ནུས་པ་མ་ལུས་ཀུན་ཚང་དང་ཕྱོགས་ཚང་མར་ལྟ་རྟོག་བྱེད་ཁག་པོ་ཡོད། གནས་ཚུལ་ཤེས་རྟོགས་བྱུང་རྗེས་ལེའོ་ཁྲེང་མི་དམངས་སྨན་ཁང་སོགས་མཚོ་སྐྱོར་ཚན་པས་དུས་ངེས་མེད་དུ་སྨན་བཅོས་དང་ནད་གཡོག་གི་སྤུས་ཚད་ཚོད་འཛིན་ཚོགས་ཆུང་སོགས“ཚོགས་སྒྲིག་ཆུང་ངུ”མངགས་ཏེ་ཞིབ་ཕྲའི་གནད་དོན་ལ་སྐོར་ཞིབ་དང་ལྟ་སྐུལ་དག་ཐེར་བྱས་པ་རེད།
“ལས་འགན་འཁུར་ཡུན་རྫོགས་པ་དེས་མཚོ་སྐྱོར་ལས་དོན་མཇུག་འགྲིལ་བ་མཚོན་གྱི་མེད། ‘ཚོགས་པ་དེའི’ཁོངས་མི་ཇེ་མང་དུ་འགྲོ་ངེས་རེད་ལ། རིག་ཚན་གྱི་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་དུ་འགྲོ་སྲིད་པ་དང་། རོགས་སྐྱོར་གྱི་ཕན་འབྲས་ཀྱང་སྔར་བས་ཆེ་རུ་འགྲོ་ངེས་རེད། གོམ་སྟབས་རྗེས་མར། ཧྲན་ཏུང་གི་མཚོ་སྐྱོར་ཚོགས་པས་ལེགས་ཆའི་སྟོབས་ཤུགས་དང་སྤུས་ལེགས་ཀྱི་ཐོན་ཁུངས་གཅིག་སྡུད་ཀྱིས་ཧྲན་ཏུང་གི་ཁྱད་ཆོས་ལྡན་པའི‘ཚོགས་སྒྲིག་རྣམ་པའི’རོགས་སྐྱོར་བྱེད་སྟངས་ཤིག་གྲུབ་ནས། མཚོ་བྱང་ཀྲོའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་ཧྲན་ཏུང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་། མཚོ་སྐྱོར་ལས་བྱེད་པ་ཁག་ལྔ་པའི་རུ་སྣེ་ཁྲིད་མཁན། མཚོ་བྱང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཀྲོའུ་ཀྲང་གཞོན་པ་བཅས་ཡིན་པའི་རུང་ཧུང་ཀྲི་ཡིས་བཤད།