ཆི་པའེ་ཧྲིའི་སྒྱུ་རྩལ་སྐོར་གྱི་ཟླ་མཆོད་དུས་ཆེན་གྱི་དམིགས་བསལ་འགྲེམས་སྟོན་དེ་སུའེ་ཏེན་གྱི་སི་ཐོག་ཁོར་མོ་རུ་གཉེར་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སི་ཐོག་ཁོར་མོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སུའེ་ཏེན་གྱི་སི་ཐོག་ཁོར་མོའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ“མེ་ཏོག་བཞད་ཅིང་ཟླ་བ་ཉ་གང་བ། ——ཆི་པའེ་ཧྲིའི་སྒྱུ་རྩལ་སྐོར་གྱི་ཟླ་མཆོད་དུས་ཆེན་གྱི་དམིགས་བསལ་འགྲེམས་སྟོན”བྱེད་འགོ་ཚུགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་འགྲེམས་སྟོན་དེ་སི་ཐོག་ཁོར་མོའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་། པེ་ཅིང་རི་མོ་ཁང་། ཀྲུང་གོ་ཕྱི་ཕྱོགས་སྒྱུ་རྩལ་འགྲེམས་སྟོན་ཚད་ཡོད་ཀུང་སི་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། འགྲེམས་སྟོན་ནང“མེ་ཏོག་བཞད་ཅིང་ཟླ་བ་ཉ་གང་བ”བརྗོད་བྱ་གཙོ་བོར་བྱས་ནས་ས་གནས་ས་ཐོག་ཏུ་སྨྱུག་མའི་སྒོ་ཡོལ་དང་། པི་ཝང་འཇོག་སྟེགས། སྨྱུག་མ་སྔོན་པོ་བཅས་ལས་ཤར་ཕྱོགས་ཀྱི་མཛེས་དཔྱོད་ལྟ་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྣམ་པ་ཞིག་བཏོད་ཡོད་པ་རེད།
ད་རེས་ཀྱི་འགྲེམས་སྟོན་ཟླ་10ཚེས་27ཉིན་བར་གཉེར་རྒྱུ་ཡིན་ལ་དེའི་རིང་ད་དུང་འབྲེལ་ཡོད་ཀྱི་ཆི་པའེ་ཧྲིའི་སྒྱུ་རྩལ་སྐོར་གྱི་འཆད་ཁྲིད་མང་པོ་དང་ཉམས་ལེན་བྱེད་སྒོ་ཡང་སྤེལ་རྒྱུ་རེད།