“དབུལ་སྐྱོར་དཀའ་སེལ་ནི་ངའི་ཚེ་གང་གི་བྱ་གཞག་ཡིན”
—— རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་སྒྲོལ་མའི་སྐོར་བཀོད་པ།
བོད་ལྗོངས་སྒྲོལ་མ་གཅེས་སེམས་ཁྱིམ་གཞིས་ཁེ་ལས་ཚད་ཡོད་ཀུང་སི་འཛུགས་མཁན་སྒྲོལ་མར་སྔ་རྗེས་སུ“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར”དང“བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
1987ལོ་ནས་བཟུང་སྒྲོལ་མས་རང་འགུལ་ངང་དྭ་ཕྲུག་དང་། མི་ཧྲེང་རྒན་རྒོན། ཉེས་འཛོལ་བྱུང་བའི་གཞོན་ནུ། དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་། དབང་པོ་སྐྱོན་ཅན་སོགས་ལ་དངུལ་སྨར་དང་འཚོ་བའི་མཁོ་ཆས་སྣ་ཚོགས་བསྐྱལ་ཡོད། ལོ་35ཡི་རིང་ཁོང་གིས་རིམ་རྩིས་བྱས་ན་སྒོར་ཁྲི་170ལྷག་ཙམ་ཞལ་འདེབས་བརྒྱབ་པ་དང་ཕྲུ་གུ་200ལྷག་ཙམ་སྔ་རྗེས་སུ་སློབ་གྲྭར་གཏོང་བ་དང་རྩལ་ནུས་སློབ་པ་སོགས་ཀྱི་བྱ་ཐབས་བརྒྱུད་མི་ཚེའི་ལམ་བུ་གསར་པ་ཞིག་བསུས་པ་རེད།
དུས་ཡུན་རིང་པོའི་ནང་སྒྲོལ་མས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་དང་རོགས་རམ་བྱས་ནས་འཚོ་བའི་དཀའ་གནད་སེལ་རོགས་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ཡོད། 2010ལོར་རྒན་ཡོལ་ཞུས་རྗེས་སྒྲོལ་མས་མ་དངུལ་གྲབས་གསོག་བྱས་ནས་བོད་ལྗོངས་སྒྲོལ་མ་གཅེས་སེམས་ཁྱིམ་གཞིས་ཁེ་ལས་ཚད་ཡོད་ཀུང་སིའི་སྔ་མིང“ལྷ་སའི་སྒྲོལ་མ་ལགས་ཁྱིམ་གཞིས”ཞེས་པ་དེ་བཙུགས། དེ་ནི་དབུལ་སྐྱོར་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བྱེད་པའི་དམངས་གཉེར་ཁེ་ལས་ཤིག་ཡིན་ཞིང་། ལོ་བཅུ་ལྷག་ཙམ་རིང་ཀུང་སི་དེས་རྩལ་ནུས་གསོ་སྦྱོང་བྱས་ནས་ལས་ཞུགས་ལ་སྐུལ་ཁྲིད་དང་ལས་ཞུགས་ལ་བརྟེན་ནས་ལས་གཏོད་ལ་སྐུལ་ཁྲིད་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱས་ཡོད།
ལོ་30ལྷག་ཙམ་གྱི་སྤྱི་ཕན་དགེ་སྒྲུབ་ཀྱི་ལོ་རྒྱུས་ནང་སྒྲོལ་མར་ཕྱི་རོལ་གྱི་ཕོག་ཐུག་དང་། བཀག་འགོག་འཕྲད་མྱོང་ཡོད་ལ། གཞན་གྱིས་ཟུར་ཟ་ཡང་བྱེད་མྱོང་ཡོད་པ་དང་། འཚོ་བའི་འགྱུར་ལྡོག་དང་དེ་བཞིན་ནད་ཀྱི་སྡུག་བསྔལ་ཡང་འཕྲད་མྱོང་ཡོད་མོད། འོན་ཀྱང་བར་ཆད་དང་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ཁོང་གིས་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ལ་ཞུགས་པའི་དད་སེམས་ལ་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མེད། ཁོང་གིས“དབུལ་སྐྱོར་དཀའ་སེལ་ནི་ངའི་ཚེ་གང་གི་དོན་གཉེར་དང་བྱ་གཞག་ཡིན”ཞེས་ཤོད་ཀྱི་ཡོད།