ལོ་བཅུ་གཅིག་རིང་དམངས་ལ་བཅངས་པའི་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན།
རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག་གི་སྐོར་བཀོད་པ།
རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་གུང་ཁྲན་ཏང་ཡོན་ཞབས་ཞུ་རུ་ཁག(གཤམ་དུ“ཏང་ཡོན་ཞབས་ཞུ་རུ་ཁག”ཅེས་བསྡུ་རྒྱུ)2012ལོར་བཙུགས་པ་དང་། ཁོང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་གནས་བབ་མཐོ་ཤོས་སུ་བཞག་ཅིང་། “མི་དམངས་གློག་ལས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”ཁེ་ལས་ཀྱི་དམིགས་ཡུལ་རྒྱུན་འཛིན་དང་། “དཀའ་གནད་ལས་སྒྲོལ་བ་དང་། འཕེལ་རྒྱས་ལ་སྐུལ་འདེད། བྱ་བ་དངོས་སྒྲུབ་པ། དམངས་ཀྱི་སེམས་ཁྲལ་སེལ་བ”བཅས་ལ་དམིགས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པར་བྱས་ལ། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དང་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བརྩམས་ཡོད།
ཉམས་བཟོ་བྱས་ནས་གློག་ཤར་གཏོང་བྱས་པ།
ཁྱེད་རང་ལའང་གནས་ཚུལ་འདི་ལྟ་བུ་འཕྲད་མྱོང་ཡོད་སྲིད་དེ། ཁ་ལག་ཟ་བའི་སྐབས་སུ་གློ་བུར་གྱི་གནས་ཚུལ་འཕྲད་པས་ཁ་ལག་ཟ་འཕྲོ་བཞག་སྟེ་ལས་ཀར་བསྐྱོད་དགོས་བྱུང་། གནས་ཚུལ་དེ་ལྟ་བུ་ནི་ཏང་ཡོན་ཞབས་ཞུ་རུ་ཁག་ལ་རྒྱུན་དུ་འཕྲད་ཀྱི་ཡོད།
ལོ་ཞིག་གི་དགུན་ཁའི་ཞོགས་པར། ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མི་ཧན་ཁྲེང་ཟ་ཁང་དུ་སླེབས་མ་ཐག་རྣམ་སྲས་ཁུལ་བདུན་པའི་ཉམས་བཟོ་བྱེད་རོགས་ཞེས་པའི་ཁ་པར་ཞིག་འབྱོར། ཁུལ་ཆུང་ཧྲིལ་པོར་གློག་མེད་པ་ཐོས་མ་ཐག་ཧན་ཁྲེང་གིས་མོག་མོག་ལག་ཏུ་འཁྱེར་ནས་ཉམས་བཟོའི་རླངས་འཁོར་ནང་ཞུགས། ས་གནས་ས་ཐོག་ཏུ་འབྱོར་རྗེས། དེ་གར་སྔ་ས་ནས་སྡེ་ཁུལ་གྱི་མང་ཚོགས་ཀྱིས་ཁེངས་ཡོད་པ་རེད། དགུན་དུས་ནི་གློག་སྤྱོད་མང་བའི་དུས་ཡིན་སྟབས་མང་ཚོགས་ཚོས་སེམས་ཁྲལ་ཆེན་པོ་བྱེད་པ་རེད། གནས་ཚུལ་དེ་མཐོང་སྐབས་ཧན་ཁྲེང་གིས་འཕྲལ་མར་མང་ཚོགས་ཚོར“ཕྱི་རོལ་དུ་གནམ་གཤིས་གྲང་མོ་འདུག་པས་ཚང་མ་སྔོན་ལ་ཁྱིམ་དུ་ལོག་རོགས། ང་ཚོས་གང་མགྱོགས་སྐྱོན་ཆ་བསལ་ནས་གློག་སྔ་ཙམ་གཏོང་ཐུབ་པར་བརྩོན་ངེས་ཡིན”ཞེས་སེམས་གསོ་བཏང་། མང་ཚོགས་རྣམས་རང་སོ་སོའི་ཁྱིམ་དུ་ལོག་རྗེས་ཁོང་དང་ལས་རོགས་ཚོས་འཕྲལ་དུ་རེ་རེ་བཞིན་གྲལ་བཤེར་བྱས།
“སྐབས་དེར་དགུན་ཁ་ཡིན་པས་ས་རུབ་སྔ་བས། གློག་སྐུད་ས་འོག་ནས་སྔོག་ཟིན་དུས་ས་རུབ་ལ་ཉེ་བ་མ་ཟད། གངས་ཀྱང་འབབ་འགོ་ཚུགས། ང་དང་ལས་རོགས་ཚོས་དཀའ་སྤྱད་སྙིང་རུས་བྱེད་པའི་སྐབས་གློ་བུར་དུ་མཐོང་རྒྱ་ནི་སྐྱ་སེང་ངེར་གྱུར་བྱུང། མགོ་བོ་ཡར་བཏེགས་ཏེ་ལྟ་སྐབས་དེ་གར་ཡོད་པའི་མང་ཚོགས་བཞི་བཅུ་ལྔ་བཅུ་ཙམ་གྱིས་གློག་བཞུ་དང་ཁ་པར་གྱི་གློག་སྤར་ནས་བསྡད་འདུག་པས། སེམས་དྲོ་སོབ་སོབ་ཏུ་གྱུར”ཞེས་གནས་ཚུལ་དེར་ཕྱིར་དྲན་བྱེད་སྐབས་ཧན་ཁྲེང་གི་ངོ་གདོང་ནས་སྔར་བཞིན་དྲོ་སྐྱིད་ཀྱི་རྣམ་པ་ཞིག་མངོན་གྱི་འདུག
མཐར་གློག་སྒོ་ཨ་མ་བརྒྱབ་མ་ཐག་སྡེ་ཁུལ་ཡོངས་སུ་གློག་ཁྲ་ཐིང་ངེར་སྤར། ཉེ་འགྲམ་གྱི་གྲོང་མི་རྣམས་ཀྱིས“གློག་སླེབས་སོང”ཞེས་དགའ་འབོད་བྱས་ལ་ཧན་ཁྲེང་གི་སེམས་ཀྱང་གཞི་ནས་ལྷོད་ལ་བབས། ངལ་དུབ་ཀྱིས་མནར་ནས་རླངས་འཁོར་ནང་སླེབས་སྐབས་ཧན་ཁྲེང་གིས་ཞོགས་པར་ཟ་འཕྲོར་ལུས་པའི་མོག་མོག་དེ་ད་དུང་རླངས་འཁོར་ནང་ཡོད་པ་མཐོང་།
བྱེད་སྒོ་ཆེ་གྲས་ཀྱི་གློག་འགན་ལེན་བྱས་པ།
གང་དུ་གློག་འགན་ལེན་བྱེད་དགོས་ན། དེ་གར་གློག་འགན་ལེན་བྱེད་མཁན་གྱི་རླངས་འཁོར་སེར་པོ་དང་སྟོད་གོས་དམར་པོ་གྱོན་པ་མཐོང་རྒྱུ་ཡོད།
ཏང་ཡོན་ཞབས་ཞུ་རུ་ཁག་གིས་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་བྱེད་སྒོ་ཆེ་གྲས་དང་དུས་ཆེན་ཆེ་གྲས་ཀྱི་གློག་མཁོ་འདོན་གྱི་ལས་འགན་སྒྲུབ་འགན་འཁུར་བཞིན་ཡོད་ལ། གློག་འགན་ལེན་བྱེད་ཚད་ལོར་ཆ་སྙོམས་ཐེངས་360ལྷག་ཙམ་ཟིན་པ་དང་ཧ་ལམ་ཉིན་ལྟར་གློག་འགན་ལེན་གྱི་ལས་འགན་ཡོད་པ་རེད། དེའི་ནང་2021ལོར་ལྷ་སའི་གློག་འགན་ལེན་བྱེད་ཐེངས་དེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཡུལ་སྟེ། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གློག་འགན་ལེན་རླངས་འཁོར་གསུམ་ཡོད་པ་ལ། ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མི་དབྱི་པིང་ཁྲའོ་དང་དབྱི་ཆི་ཚའེ་གཉིས་ཀྱིས་ཀྲུའུ་ཞི་སྡིངས་ཆའི་རྒྱབ་ཏུ་བཞག་པའི་རླངས་འཁོར་གྱི་འགན་འཁུར་བ་རེད། བྱེད་སྒོ་འགོ་ཚུགས་རྗེས་ཁོང་གཉིས་པོས་གློག་འགན་ལེན་རླངས་འཁོར་ནང་གློག་ཤུགས་ཀྱི་ཐེག་ཚད་ལ་ཅེར་ནས་བལྟས་བསྡད་པ་དང་། གློག་རྒྱུན་མི་ཆད་པར་བཏང་བས་གློག་གསོག་ཡོ་ཆས་དག་ཚ་པོ་ཆགས་པ་རེད། སྨི་ངོས་གྲུ་གསུམ་བཞི་ལས་མེད་པའི་གློག་འགན་ལེན་རླངས་འཁོར་ནང་ཆུ་ཚོད་3ལྷག་ཙམ་རྒྱུན་མཐུད་ངང་ལས་ཀ་བྱས་པས། གྱོན་གོས་སྔ་ས་ནས་རྔུལ་ཆུས་བརླན་པ་དང་། ངོ་གདོང་ནས་རྔུལ་ཆུའི་ཐིག་པ་རྒྱུན་ཆད་མེད་པར་དོན་པ་རེད།
“རྔུལ་ཆུ་བར་མཚམས་མི་ཆད་པར་དོན་པ་ནི་ཚ་བ་ཆེ་བའི་རྐྱེན་ཁོ་ན་མ་ཡིན་པར། གློག་འདོན་འགན་ལེན་ལ་སེམས་ཁྲལ་བྱས་པའི་རྐྱེན་ཡང་ཡིན” དབྱི་པིང་ཁྲའོ་ཡིས་གསར་འགོད་པར་ང་ཚོ་ཐོ་རེངས་ནས་བྱེད་སྒོ་སྤེལ་ཡུལ་དུ་འབྱོར་བ་དང་། གློག་འགན་ལེན་རླངས་འཁོར་གསུམ་ཡོད་པས་ཕར་རྒྱུག་ཚུར་རྒྱུག་བྱས་པ་ཡིན། ཧ་ལམ་སྐར་མ་བཅུ་རེར་གློག་ཤུགས་ཐེག་ཚད་ལ་ཐེངས་རེར་ལྟ་དགོས། བྱེད་སྒོ་མཇུག་འགྲིལ་རྗེས་ངེད་གཉིས་ཀྱི་སྐད་འཕྲིན་གོམ་གྲངས་ཁྲི་ལས་བརྒལ་འདུག་ཅེས་བཤད།
མཉམ་དུ་ཡར་ཐོན་ཡོང་བར་བརྩོན་པ།
ལི་ཧྲོའེ་ཅེ་དང་ཁོང་གི་དགའ་རོགས་གཉིས་ཀ་ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མི་ཡིན་ཞིང་། མཉམ་དུ་ལས་རོགས་བྱས་ནས་སྡོད་པའི་ལོ་བཞིའི་ནང་གློ་བུར་དུ་ཐོན་པའི་གནས་ཚུལ་མང་པོའི་དབང་གིས་ཁ་ལག་ཟ་མཚམས་ཐེངས་མང་འཇོག་དགོས་བྱུང་ཡོད།
ཐེངས་ཤིག་ལི་ཧྲོའེ་ཅེས་སྐྱེས་སྐར་གཏོང་སྐབས་ཁ་ལག་སྒྲོག་ཙེའི་ཐོག་བསྐྱལ་མ་ཐག་གློག་ཉམས་བཟོ་བྱེད་དགོས་པའི་ཁ་པར་འབྱོར། དགའ་རོགས་ཀྱིས་ལི་ཧྲོའེ་ཅེ་གཅིག་པུར་བཞག་ནས་གློག་ཉམས་བཟོ་བྱ་ཡུལ་དུ་སྐྱོད། དགའ་རོགས་ཡིན་པའི་ངོས་ནས་ལི་ཧྲོའེ་ཅེས་འཁང་ར་བྱེད་སྲིད་མོད། འོན་ཀྱང་ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མི་ཞིག་ཡིན་པའི་ངོས་ནས་བསམ་ཤེས་དང་རྒྱབ་སྐྱོར་དེ་བས་མང་བ་ཐོབ་ཡོད།
“ང་ཚོའི་རུ་མི་དག་ནང་མི་དང་མཉམ་འཛོམས་བྱེད་པའི་དུས་ཚོད་ཧ་ཅང་ཉུང” ལི་ཧྲོའེ་ཅེས་གསར་འགོད་པར“མི་དམངས་གློག་ལས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བ”ནི་ཏང་ཡོན་ཞབས་ཞུ་རུ་ཁག་གི་རུ་མི་ཚོའི་སེམས་སུ་འབོད་ཚིག་ཅིག་མིན་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་མངོན་འགྱུར་བྱེད་པའི་ཁས་ལེན་ཞིག་ཡིན་ཅེས་བཤད།
ཏང་ཡོན་ཞབས་ཞུ་རུ་ཁག་ཏུ་དེ་ལྟ་བུའི་གནས་ཚུལ་ད་དུང་ཤིན་ཏུ་མང་ཞིང་། མཚན་སྙན་གྱིས་ཁེངས་པའི་བཀྲ་ཤིས་ཉི་མ་དང་། “ལྷ་སའི་གློག་དྲ་སྒྲིག་སྦྱོར་ས་བཀྲ”རུ་འབོད་པའི་ལུའོ་ཅང་། རྒྱལ་ཁབ་གློག་དྲའི་ངལ་རྩོལ་དཔེ་བཟང་ཉི་ཕུན་སོགས་ཀྱི་བྱས་རྗེས་དང་མཚན་སྙན་ལས་ཏང་ཡོན་ཞབས་ཞུ་རུ་ཁག་གི་བསམ་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་གྲུབ་ལ། སྟོབས་ཤུགས་དེ་དག་དཔུང་ཁག་ནང་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བཞིན་ཡོད།