ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།
ཀྲུང་གོར་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གདེང་ཚོད་དང་འཇོན་ཐང་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནུབ་ཕྱོགས་རྒྱལ་ཁབ་འགའ་རེས་ཀྲུང་གོའི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་འདུག་ཅེས་ངན་སྨྲས་བྱས་པར་དམིགས་ནས་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་12ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་རྒྱག་སྐབས། ཀྲུང་གོའི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་མེད། ཡིན་ན་ཡང་། “ཀྲུང་གོ་ཉམས་རྒུད་སྨྲ་བའི”ལྟ་ཚུལ་འཛིན་མཁན་ཡང་ཡང་ཉམས་རྒུད་དུ་འགྲོ་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མངོན་མེད་སྟོབས་ཤུགས་ཆེ་བ། འཕེལ་ཤུགས་ཆེ་བ་བཅས་ཡོད་པ་དང་། ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་མེད། ཀྲུང་གོར་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་གདེང་ཚོད་དང་འཇོན་ཐང་ཡོད་ཅེས་བརྗོད།
“ཧ་ལམ་དུས་ཚོད་གང་ཙམ་ཞིག་སོང་རྗེས‘ཀྲུང་གོ་ཉམས་རྒུད་སྨྲ་བའི’ཤོད་ཚུལ་སྣ་ཚོགས་ཐོན་གྱི་ཡོད། དོན་དངོས་སུ་ཀྲུང་གོའི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་མེད། ཡིན་ན་ཡང་། “ཀྲུང་གོ་ཉམས་རྒུད་སྨྲ་བའི”ལྟ་ཚུལ་འཛིན་མཁན་ཡང་ཡང་ཉམས་རྒུད་དུ་འགྲོ་བཞིན་ཡོད་ཅེས་མའོ་ཉིང་གིས་བརྗོད།
ཁོང་གིས་འདི་ལོ་ནས་བཟུང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཆུང་བས་ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་ཆེན་པོ་ཡོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་བྱུང་སྟེ་སྤྱིའི་ཆ་ནས་བསྐྱར་འཕར་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ལོ་སྟོད་དུ་ཀྲུང་གོའི་GDPདུས་མཚུངས་ལས་5.5%འཕར་བ་དེ་ན་ནིང་གི་3%ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། འདི་ལོ་ཀྲུང་གོའི་དཔལ་འབྱོར་5.2%འཕར་རྒྱུ་དང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་གསུམ་ཆ་གཅིག་ཟིན་རྒྱུ་ཡིན་པས་ཀྲུང་གོའི་དཔལ་འབྱོར་ནི་སྔར་བཞིན་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོ་ཞིག་རེད།
“ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མངོན་མེད་སྟོབས་ཤུགས་ཆེ་བ། འཕེལ་ཤུགས་ཆེ་བ་བཅས་ཡོད་པ་དང་། ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་མེད་པས། ང་ཚོར་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གདེང་ཚོད་དང་འཇོན་ཐང་ཡོད”ཅེས་མའོ་ཉིང་གིས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་དང་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱས་ནས། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུ་རེད་ཅེས་བརྗོད།