མོ་རོ་ཁོའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་པ།
རྒྱལ་ཁབ་མང་པོའི་རོགས་སྐྱོབ་རུ་ཁག་ས་ཡོམ་རྗེས་ཀྱི་རོགས་སྐྱོབ་ནང་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་མོ་རོ་ཁོའི་གྲོང་ཁྱེར་མཱ་ལ་ཁེ་ཧྲི་ནས་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་གྱི་དགོང་མོ་མོ་རོ་ཁོར་ས་ཡོམ་དྲག་པོ་བརྒྱབ་ནས་མི་2681རྐྱེན་ལམ་དུ་ཤོར་བ་རེད། མོ་རོ་ཁོ་རུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་དངུལ་དང་དངོས་ཟོག་ཞལ་འདེབས་ཧུར་ཐག་བརྒྱབ་ནས་གེགས་ཁུལ་ལ་རོགས་སྐྱོར་བྱས་ཡོད། གསར་འགོད་པས་གེགས་ཁུལ་དུ་སི་ཕེན་དང་དབྱིན་ཇི་སོགས་རྒྱལ་ཁབ་མང་པོའི་རོགས་སྐྱོབ་རུ་ཁག་མོ་རོ་ཁོ་རུ་འབྱོར་ནས་ས་ཡོམ་རྗེས་ཀྱི་རོགས་སྐྱོབ་ནང་ཞུགས་པ་མཐོང་བྱུང་།
མོ་རོ་ཁོའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ལིན་ཝུའེ་ཆང་གིས་ཚེས་11ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཚོང་ཚོགས་ཀྱིས་མོ་རོ་ཁོར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བར་ཞལ་འདེབས་རྒྱག་རྒྱུའི་འབོད་སྐུལ་བྱས་ནས། མོ་རོ་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བརྒྱུད་གཅིག་གྱུར་ཐོག་མོ་རོ་ཁོ་ཕྱོགས་ལ་ཞལ་འདེབས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད། མོ་རོ་ཁོའི་ཀྲུང་གོ་བའི་ཚོང་ཚོགས་ཀྱི་ལས་འཛིན་ཀྲང་ཁའེ་ཡིས་ཚོང་ཚོགས་ཀྱིས་གེགས་ཁུལ་དུ་དགོས་མཁོ་ཆེ་བའི་དངོས་ཟོག་གྲབས་གསོག་ཧུར་ཐག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
མོ་རོ་ཁོའི་ཨ་ཧྥེ་རི་ཁ་དང་ཀྲུང་གོ་མཉམ་ལས་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ནཱ་སའེར·པུའུ་ཤིས་པཱ་ཡིས་མོ་རོ་ཁོ་རུ་ཡོད་པའི་ལས་རིགས་ཁག་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་དངུལ་དང་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་ཞལ་འདེབས་བརྒྱབ་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“དེ་གར་ཡོད་པའི་ཀྲུང་གོའི་གྲོགས་པོ་ཚང་མས་ཐབས་ལམ་སྣ་ཚོགས་འཚོལ་ཞིབ་དང་བྱ་ཐབས་སྣ་ཚོགས་ཐོག་ནས་གེགས་ཁུལ་ལ་ཞལ་འདེབས་དང་རོགས་སྐྱོར་བྱས་པར་མི་རྣམས་སེམས་འགུལ་ཆེན་པོ་ཐེབས་ཡོད”ཅེས་བརྗོད།
རྒྱལ་ཁབ་མང་པོའི་རོགས་སྐྱོབ་རུ་ཁག་ས་ཡོམ་རྗེས་ཀྱི་འཚོལ་སྐྱོབ་ལས་དོན་ནང་ཞུགས་ཡོད། གསར་འགོད་པས་ཐད་འཕུར་གནམ་གྲུ་མང་པོ་ཞིག་གེགས་ཁུལ་དུ་དངོས་ཟོག་དང་རྨས་མ་སྐྱེལ་འདྲེན་བྱེད་པ་དང་། སི་ཕེན་དང་དབྱིན་ཇིའི་རོགས་སྐྱོབ་རུ་ཁག་གིས་ཨའེ་སྨི་ཙི་སྨི་ཙེ་རུ་སྒར་བརྒྱབ་ནས་སྟབས་ལེགས་ནས་གསོན་པོར་གནས་པའི་མི་འཚོལ་སྐྱོབ་བྱེད་པ་མཐོང་བྱུང་།
ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་མོ་རོ་ཁོའི་ཧུང་ཤིན་གཡོད་ཚོགས་པར་ཨ་སྒོར་ཁྲི་20ཡི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་དངུལ་སྨར་སྤྲད་ནས་གེགས་སེལ་ལས་དོན་ལ་རོགས་སྐྱོབ་བྱ་རྒྱུའི་ཐག་བཅད་པ་རེད།
གསར་འགྱུར་མ་སྤེལ་གོང་བར། མོ་རོ་ཁོའི་ནང་སྲིད་པུས་ཚེས་11ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ས་ཡོམ་ལས་མི་2681རྐྱེན་ལམ་དུ་ཤོར་བ་དང་ཉུང་མཐར་ཡང་མི་2501ལ་རྨས་སྐྱོན་ཕོག་ཡོད་པ་རེད། གསར་འགོད་པས་མོ་རོ་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་ནས་ཤེས་རྟོགས་བྱས་པར་གནས་སྐབས་ཀྲུང་གོའི་སྤྱི་དམངས་འཆི་རྨས་བྱུང་བའི་གནས་ཚུལ་གཅིག་ཀྱང་མེད་པ་རེད།