དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཞབས་ཞུའི་ལས་དོན་ལེགས་པར་བསྒྲུབས། དམངས་ཀྱི་དཀའ་ངལ་སེལ་ཐབས་བྱས།

    —— རང་ལྗོངས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་དང་བསྙེན་བཀུར་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-15

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། དམངས་སྲིད་སྡེ་ཚན་བཅས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་དོ་ཁུར་བྱེད་པར་དམིགས་ནས་མི་སོ་སོར་བབ་བསྟུན་བྱ་ཐབས་སྤྱད་དེ་ཕྱོགས་མང་པོ་ནས་རོགས་སྐྱོབ་དང་། བྱེད་ཐབས་གསར་པར་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན། བྱ་ཐབས་གསར་པར་བརྟེན་ནས་དཀའ་ངལ་སེལ་བ་བཅས་བྱས་ཏེ། རང་ལྗོངས་ཀྱིས་ཆ་རྐྱེན་ཚང་བའི་དཀའ་ངལ་ཡོད་པའི་མང་ཚོགས་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་དང་བསྙེན་བཀུར་བྱ་ཡུལ་ཁོངས་སུ་བཅུག་ནས། ནུས་ཤུགས་ཡོད་རྒུས་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་དང་བསྙེན་བཀུར་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་པས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁེ་དབང་ལ་འགན་ལེན་ནུས་ལྡན་ཐུབ་ནས་ཕན་འབྲས་བཟང་པོ་ཐོན་ཡོད།

    སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དམངས་འཚོ་འགན་སྲུང་གི་མཐའ་ཚད་ཐ་སྐྱོང་བྱས་པ།

    དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཞི་རྩའི་དམངས་འཚོའི་བདེ་འཇགས་དྲ་བ་བརྟན་པོ་བསྐྲུན་ནས་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་དང་བསྙེན་བཀུར་བྱེད་པའི་ལས་དོན་གྱི་ཆུ་ཚད་མཐོ་རུ་འགྲོ་བར་ཤུགས་སྣོན་རྒྱག་ཆེད། 2017ལོའི་ཟླ་བརྒྱད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་དང་བསྙེན་བཀུར་བྱེད་པའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་ནས། གྲོང་གསེབ་ཀྱི་འགན་ལེན་ལྔའི་བསྙེན་བཀུར་ལམ་ལུགས་དང་གྲོང་ཁྱེར་གྱི“མེད་པ་གསུམ”གྱི་མི་སྣར་རོགས་སྐྱོབ་བྱེད་པའི་ལམ་ལུགས་དེ་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་དང་བསྙེན་བཀུར་བྱེད་པའི་ལམ་ལུགས་སུ་གཅིག་གྱུར་བྱེད་རྒྱུ་ཡིན་པ་བསྟན་ཡོད།

    2021ལོའི་ཟླ་ལྔ་པར། ལྗོངས་ཏང་ཨུད་གཞུང་དོན་ཐིང་དང་། སྲིད་གཞུང་གཞུང་དོན་ཐིང་གིས《སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》(བོད་ཏང་ཨུད་གཞུང་དོན་ཐིང་གིས་སྤེལ་བའི[2021]ཡིག་ཨང་31པ)བཀྲམ་པའི་ནང་། “དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་དང་བསྙེན་བཀུར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ”ཁ་གསལ་བཏོན་ཡོད་པ་མ་ཟད། 《བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་དང་བསྙེན་བཀུར་བྱེད་པའི་བྱ་ཐབས》(ཚོད་ལྟའི་ལག་བསྟར)(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)ལ་བཟོ་བཅོས་བརྒྱབ་ཡོད།

    གསར་དུ་བཟོ་བཅོས་བརྒྱབ་པའི《བྱ་ཐབས》ནང་། “མེད་པ་གསུམ”(ངལ་རྩོལ་ནུས་ཤུགས་མེད་པ། འཚོ་བའི་ཡོང་སྒོ་མེད་པ། ཁྲིམས་གཏན་འཁེལ་བའི་འོས་སྒྲུབ་མི་སྣ་མེད་པའམ་ཡང་ན་ཁྲིམས་གཏན་འཁེལ་བའི་འོས་སྒྲུབ་མི་སྣར་འོས་འགན་སྒྲུབ་པའི་ནུས་པ་མེད་པ)ངོས་འཛིན་གྱི་ཆ་རྐྱེན་དང་འབྲེལ་བའི་སྲོལ་ཡིག་ཁག་གཅིག་ལ་གཙོ་བོར་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ཞིབ་བཤེར་གཏན་འཁེལ་གྱི་ལས་རིམ་སྔར་བས་འཐུས་ཚང་དང་འགྲོ་ལུགས་གཉེར་བའི་དུས་བཀག་དེ་བས་ཐུང་དུ་བཏང་ནས་རོགས་སྐྱོབ་དང་བསྙེན་བཀུར་གྱི་ཚད་གཞི་ཚད་ལྡན་དུ་ཏན་ཏིག་བཏང་ཡོད།

    ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་བདེ་སྐྱིད་བསྐྲུན་པ།

    ཆབ་མདོ་ཁ་རུབ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་སྙན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་བསྒྲགས་པ་དང་དུས་མཚུངས། མི་རྣམས་ཀྱི་ཐལ་མོའི་རྡེབ་སྒྲ་དང་དགོད་སྒྲས་ཁེངས་འདུག དེ་ནི་ཁ་རུབ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱིས་གཉེར་བའི་ལོ་གཅིག་དུས་གཅིག་གི་མཉམ་དུ“གླིང་ཁ”གཏོང་བའི་བྱེད་སྒོའི་རྣམ་པ་ཡིན་པ་རེད།

    ལོ་46ལ་སླེབས་པའི་ཚེ་ཐར་ལ་ཕྲུ་གུ་མེད་པའི་ཁར་རང་ཉིད་ཀྱི་རྐང་པ་ཐང་པོ་མེད་པའི་དབང་གིས་ངལ་རྩོལ་བྱེད་ཐུབ་ཀྱི་མེད། གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་སྤོས་རྗེས། ལྟ་སྐྱོང་མཁན་གྱིས་རྟག་ཏུ་ཁོང་གི་གོས་འཁྲུད་པ་དང་། སེན་མོ་གཏུབ་པ། ཉལ་ཆས་བསྡུ་བ་བཅས་བྱས་པས་ཚེ་ཐར་གྱི་སེམས་ནང་དྲོ་སོབ་སོབ་ཀྱི་ཚོར་སྣང་བྱུང་ཡོད།

    “དེ་གར་ཁོར་ཡུག་མཛེས་ལ་ལྟོ་ཆས་ཡག་པའི་ཁར་ལྟ་སྐྱོང་མཁན་གྱིས་ཉིན་ལྟར་ང་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་མ་ཟད། དུས་ངེས་མེད་དུ་རོལ་རྩེད་བྱེད་སྒོའང་གཉེར་བས་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་ཚེ་ཐར་གྱིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། ལྗོངས་ཡོངས་སུ་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་80དང་། དེའི་ནང་ཞུགས་འདོད་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་མཁན་རྒས་འཁོགས་5800ཡོད་པ་ཚང་མར་གཅིག་སྡུད་བསྙེན་བཀུར་བྱུང་ནས། སྲིད་གཞུང་གིས་དམིགས་བསལ་ཚོགས་སྤྱིར་བསྙེན་བཀུར་ཞབས་འདེགས་ཐ་སྐྱོང་ཞུ་བར་འགན་ལེན་ནུས་ལྡན་ཐུབ་ཡོད། འདི་ལོར། རིམ་ཁག་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་12ཀྱི་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ལ་བཀོད་སྒྲིག་བྱས་ཡོད།

    ཐབས་ཇུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་བབ་བསྟུན་དོ་དམ་མུ་མཐུད་ཡག་པོ་བྱས་པ།

    རང་ལྗོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་བསམ་བློ་སྔར་བས་གཅིག་གྱུར་ཡོང་བ་དང་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་དང་བསྙེན་བཀུར་བྱེད་པའི་ལས་དོན་གྱི་གལ་འགངས་ཆེ་ལུགས་ལ་ངོས་འཛིན་གང་ལེགས་བྱས་ཏེ། 《བྱ་ཐབས》ཀྱི་ནང་དོན་གཙོ་བོར་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་ཁོང་དུ་ཡག་པོ་ཆུད་པར་བྱས་ནས། 《བྱ་ཐབས》ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་འཐུས་སྒོ་ཚང་དུ་གཏོང་བའི་མ་ལག་དང་། གཞི་རྩའི་དམངས་འཚོའི་བདེ་འཇགས་ཀྱི་དྲ་བ་བརྟན་པོ་འཛུགས་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་དང་། ཏན་ཏིག ཡག་པོ་བཅས་བྱས་ཡོད།

    གཞི་གྲངས་མི་འཕྱུགས་པར་བྱེད་པ་ནི་རོགས་སྐྱོབ་གནད་སྨིན་ཡོང་བའི་རྨང་གཞི་ཡིན་ལ། དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་པའི“འགག་རྩ”ཞིག་ཀྱང་ཡིན་པས། ངེས་པར་དུ་བབ་བསྟུན་དོ་དམ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་ཀྱི་ཡོད། རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས“བསྙེན་བཀུར”གྱི་གཞི་གྲངས་གསལ་རྟོགས་དང་། “རང་རྐྱ་འཕེར་ཚུལ”གྱི་གཞི་གྲངས་གསལ་རྟོགས། “བསྙེན་བཀུར་གྱི་དགོས་མཁོའི”གཞི་གྲངས་གསལ་རྟོགས་བྱེད་པར་དམིགས་ནས་མཐིལ་རྟོགས་གྲལ་བཤེར་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ“རོགས་སྐྱོབ་བྱེད་དགོས་རིགས་ལ་རོགས་སྐྱོབ་དང་། སྙེན་བཀུར་བྱེད་དགོས་རིགས་ལ་བསྙེན་བཀུར་བྱེད་རྒྱུ”ཏན་ཏིག་ཐུབ་པར་བྱས་པ་མ་ཟད། དེའི་ནང་ཞུགས་འདོད་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་གཅིག་སྡུད་བསྙེན་བཀུར་བྱེད་ཚད་100%ཟིན་པའི་ལས་ཀའི་གྲུབ་འབྲས་ཀྱི་རྨང་གཞི་སྲ་བརྟན་དུ་ཏན་ཏིག་བཏང་ཐོག ངལ་ནུས་ཤོར་བ་དང་། ངལ་ནུས་ཕྱེད་ཙམ་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་གཅིག་སྡུད་བསྙེན་བཀུར་བྱེད་པའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས། འཚོ་བའི་རང་རྐྱ་འཕེར་ནུས་ཡོངས་སུའམ་ཕྱེད་ཙམ་ཤོར་བའི་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་གཅིག་སྡུད་བསྙེན་བཀུར་གྱི་ཞབས་འདེགས་ཞུས་ཡོད།

    ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་པོ་དགོས་པ་ལྟར། རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས་རང་སོའི་སོའི་འགན་འཁྲིའི་ལས་དོན་དང་ཟུང་འབྲེལ་བྱས་ནས། རང་ངོས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ། གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས)ཁག་གི་སྤྱི་ཚོགས་རོགས་སྐྱོབ་བྱེད་མཁན་དང་རྒན་གསོའི་ལྟ་སྐྱོང་མཁན་ལ་དམིགས་ཏེ། མ་མཐའི་འཚོ་བའི་འགན་སྲུང་ལག་བསྟར་བྱ་ཐབས་དང་། དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་སྐྱོབ་བསྙེན་བཀུར་བྱེད་སྟངས། རྒན་གསོའི་ལྟ་སྐྱོང་རྩལ་ནུས་སོགས་ཚུད་པའི་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལས་སྒོའི་གསོ་སྐྱོང་འཛིན་གྲྭ་གཉེར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།