ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཁྲིམས་ལྟར་དྲང་གཞག་དང་ལས་ཕྱོད་ཆེ་བའི་སྒོ་ནས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞིར་ཞིབ་གཅོད་བྱས་པ།
ཁྲིམས་འཛིན་སྲུང་བཅད་བརྟན་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་བ་ཡག་པོ་ཞིག་བྱེད།
ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཉེས་ཁྲིམས་དང་། དམངས་དོན་ཁྲིམས་གཞུང་། ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་སོགས་ལག་བསྟར་ནན་པོ་བྱས་ནས་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲིམས་ལྟར་དྲང་གཞག་དང་ལས་ཕྱོད་ཆེ་བའི་སྒོ་ནས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་སྣ་ཚོགས་ལ་ཞིབ་གཅོད་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་འདྲི་གཅོད་ཕན་ནུས་ཆེ་རུ་ཧུར་ཐག་གཏོང་བ། “ནམ་མཁའ་དེ་བས་སྔོ་ཞིང་། རི་བོ་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ། སྐྱེ་ཁམས་ཁོར་ཡུག་དེ་བས་མཛེས་པ”བཅས་ཀྱི་སྐྱེ་ཁམས་ཀྱི་ཁྲིམས་འཛིན་སྲུང་བཅད་བརྟན་དུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་སྲུང་སྐྱོང་བ་ཡག་པོ་ཞིག་བྱས་པ་རེད།
སྐྱེ་ཁམས་ཁོར་ཡུག་གི་ཉེས་དོན་ཉེས་གསོག་ལ་བཀག་འགོག་ནུས་ལྡན་བྱས་པ།
2018ལོའི་ཟླ་དང་པོ་ནས་2023ལོའི་ཟླ་དྲུག་པའི་བར། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་སྣ་ཚོགས་ལ་ཞིབ་གཅོད་མཇུག་སྒྲིལ་ཚད་97.6%ཟིན་ཡོད། དེའི་ནང་ཁོར་ཡུག་ཐོན་ཁུངས་ཀྱི་ཉེས་དོན་གྱོད་གཞི་155ལ་ཞིབ་གཅོད་མཇུག་སྒྲིལ་ནས་དངུལ་ཆད་ཁྱོན་སྒོར་ཁྲི་610ལྷག་ཙམ་བཏང་བ་དང་། ཁྲིམས་འགལ་གྱི་ཡོང་འབབ་སྒོར་ཁྲི་1090ལྷག་ཙམ་བདའ་འདེད་བཏང་བ། རྐུ་གཅོད་བྱས་པའི་ནགས་ཤིང་རྐང་2321དང་གསོག་ཉར་སྨི་རྒྱ་དཔངས་གྲུ་བཞི་མ་5271གཞུང་བཞེས་བཏང་བ་རེད། ཁོར་ཡུག་ཐོན་ཁུངས་ཀྱི་དམངས་དོན་གྱོད་གཞི་དང་དེ་བཞིན་སྐྱེ་ཁམས་འདུ་འགོད་དང་ནུས་རྒྱུ་གཙང་མའི་འདུ་འགོད་འཛུགས་སྐྲུན་གྱི་དམངས་དོན་རྩོད་གཞིའི་གྱོད་གཞི་211ལ་ཞིབ་གཅོད་བྱེད་མཇུག་བསྒྲིལ་ནས་གཏུག་བཤེར་གྱི་སྤྱིའི་དམིགས་ཚད་གྱི་སྒོར་དུང་ཕྱུར་17.82ཟིན་པ། ཁོར་ཡུག་ཐོན་ཁུངས་ཀྱི་སྲིད་འཛིན་གྱོད་གཞི་238ལ་ཞིབ་གཅོད་མཇུག་བསྒྲིལ་ནས་ས་ཞིང་མུའུ་582ཀྱི་སྔར་ཡོད་ཀྱི་སྤྱོད་སྒོ་སླར་གསོ་བྱས་པ། སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཁག་69ལ་ཞིབ་གཅོད་བྱེད་མཇུག་བསྒྲིལ་ནས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྤེལ་མཁན་གྱིས་རང་བྱུང་ཐོན་ཁུངས་སྣ་ཚོགས་ཀྱི་རིན་ཐང་གྱོང་གུན་སྒོར་ཁྲི་175ལྷག་ཙམ་སྐྱིན་ཚབ་འཇལ་དགོས་པ་དང་། སྡོང་ཕྲུག་3700ལྷག་ཙམ་གསབ་འདེབས་བྱེད་པ། ངལ་ལས་ཚབ་འཇལ་དང་ནགས་ཤིང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཟླ་60བྱེད་དགོས་པའི་བཀའ་བཏང་བ་རེད།
ལོ་མང་འབད་བརྩོན་བྱས་པ་བརྒྱུད། རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེས་དོན་ཉེས་གསོག་གཏན་འགོག་ནུས་ལྡན་ཐུབ་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཐད་ཕན་ཚུན་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཐོན་ཡོད།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་ཆོས་ཉིད་ལ་བརྩི་སྲུང་ཞུས་པ།
ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་འདྲི་གཅོད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“དྲང་གཞག་དང་ལས་ཕྱོད”དང“ཁྲིམས་འགལ་གཏན་འགོག་དང་སྐྱེ་ཁམས་སླར་གསོ”གལ་ཆེ་མཉམ་དུ་འཛིན་པའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་རྒྱུར་དམིགས་ཏེ། རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རྩི་ཤིང་ལ་གནོད་འཚེ་གཏོང་བ། ནགས་ཤིང་རྐུ་གཅོད་བྱེད་པ། ཁྲིམས་འགལ་ངང་ས་ཞིང་བཟུང་སྤྱོད་བྱེད་པ། ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་བྱེད་པ་སོགས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་བ་རེད། དངུལ་ཆད་དང་ཁྲིམས་འགལ་གྱི་ཐོབ་ཆ་བདའ་འདེད་གཏོང་བ་སོགས་ཀྱི་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་སྤྱད་དེ་ཟིལ་ཤུགས་ཆེ་རུ་བཏང་བ་རེད།
དེ་དང་ཆབས་ཅིག་གུ་ཡངས་དང་ནན་པོ་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་དང་སླར་གསོའི་རང་བཞིན་གྱི་ཁྲིམས་འཛིན་འདུ་ཤེས་ལག་ལེན་བསྟར་ནས་ཉེས་པ་ངོས་ལེན་དང་ཆད་གཅོད་དང་ལེན་དང་རང་མོས་ངང་སྐྱེ་ཁམས་སླར་གསོའི་གྲོན་དངུལ་འཇལ་བ་དང་། རྩི་ཤིང་གསབ་འདེབས། འོས་འགན་ངལ་རྩོལ་བཅས་བྱེད་མཁན་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་མཁན་ཉེས་གསོག་པ་50ལྷག་ཙམ་ལ་ཁྲིམས་ལྟར་ཁྲིམས་ཆད་ཕྱིར་འགྱངས་བྱས་པ་དང་ཉེས་གསོག་པར་དུས་ཐོག་ཏུ་བྱ་ཐབས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་སླར་གསོ་ཧུར་ཐག་བྱེད་པའི་ཁྲིད་སྟོན་བྱས་པ་དང་། གཏེར་ཁའི་ཐོན་ཁུངས་སོགས་རང་བྱུང་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་། རྨོ་ཞིང་དང་ནགས་ས་སོགས་དང་འབྲེལ་བ་ཡོད་པའི་གན་རྒྱ་དང་དབང་གནོད་རྩོད་གཞིའི་གྱོད་དོན་ལ་ཞིབ་གཅོད་ནུས་ལྡན་བྱས་ནས་རང་བྱུང་ཐོན་ཁུངས་ཀྱི་ཁྲོམ་རའི་ཉོ་ཚོང་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་བྱས་ཡོད། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས་གཅིག་འཐུས་རྣམ་པའི་སྣེ་མང་ཅན་གྱི་འགལ་བ་སེལ་བའི་ལམ་ལུགས་གང་ལེགས་སྤྱད་དེ་ཁོར་ཡུག་ཐོན་ཁུངས་ཀྱི་རྩོད་གཞིའི་གྱོད་དོན་ཐག་གཅོད་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་ཞིབ་དཔྱོད་དང་། སྤྱི་བདེ། ཁྲིམས་འཛིན། སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས། ནགས་ལས་རྩྭ་ཐང་། ཆུ་བེད་སོགས་སྡེ་ཚན་དང་ཁོར་ཡུག་སྤྱི་ཕན་གཏུག་བཤེར་དང་སྐྱེ་ཁམས་ཁོར་ཡུག་གཏོར་སྐྱོན་གུན་གསབ་གཏུག་བཤེར་དང་། སྲིད་འཛིན་ཁྲིམས་སྒྱུར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་སོགས་ཀྱི་ལས་ཀའི་མཉམ་ལས་ལམ་སྲོལ་10ལྷག་ཙམ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྡེ་ཚན་ཁག་གི་འགན་འཁྲི་འབྲེལ་མཐུད་དམ་ཟབ་དང་ལས་དོན་མཐུན་སྦྱོར་མཉམ་འགུལ་ཐུབ་པའི་འགན་ལེན་བྱས་པ་རེད།
སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་བ།
རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་ཡོན་ཀྲང་གཞོན་པ་བསོད་ནམས་སྐྱིད་ཀྱིས། གོམ་སྟབས་རྗེས་མར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ”ཐོག་མ་དེ་གོ་སྐབས་སུ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་དེ་བཞིན་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》དང་དེ་བཞིན་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་འགན་ལེན་གྱི་ཆབ་སྲིད་ཀྱི་འགན་འཁྲི་མུ་མཐུད་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ། རང་བྱུང་ཐོན་ཁུངས་ཁྲིམས་ལྟར་གསར་སྤེལ་བེད་སྤྱོད་དང་། སྐྱེ་ཁམས་འདུ་འགོད་དང་ནུས་རྒྱུ་གཙང་མའི་འདུ་འགོད་འཛུགས་སྐྲུན། སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སླར་གསོ་སོགས་ཀྱི་འགལ་བ་དང་རྩོད་གཞི་ཁྲིམས་ལྟར་ཐག་གཅོད་བྱས་ནས་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། སྣ་མང་མཉམ་བཅོས་དང་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དྲ་བ་འཛུགས་པར་དམིགས་ནས། སྐྱེ་ཁམས་ཁོར་ཡུག་དང་། རང་བྱུང་ཐོན་ཁུངས། ནགས་ལས་རྩྭ་ཐང་། ཞིང་འབྲོག་ཆུ་བེད་སོགས་སྡེ་ཚན་དང་དགེ་མཚན་ལྡན་པའི་མཉམ་འགུལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ད་ཡོད་ཀྱི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་དང་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་སྒྲུབ་གཉེར་མཉམ་འགུལ་བྱ་རྒྱུ་ཡིན། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཁོར་ཡུག་ཐོན་ཁུངས་ཀྱི་རྩོད་གཞིར་གཏུག་བཤེར་དང་འདུམ་འགྲིག་འབྲེལ་མཐུད་ལམ་སྲོལ་འཛུགས་པ། ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་འདུམ་འགྲིག་ལས་དོན་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཁོར་ཡུག་ཐོན་ཁུངས་ཀྱི་གནད་དོན་དང་འགལ་བ་འབྱུང་རྩ་ནས་སེལ་རྒྱུ་ཡིན་ཞེས་བཤད་པ་རེད།