ཧ་ལོ་སྒང་།
ས་མཐོའི་ཤིང་འབྲས་བཏབ་ནས་ཕྱུག་པོའི་ལམ་དུ་སྐྱོད་པ།
སྟོན་ཟླ་དགུ་པར། ལྷོ་ཁ་གྲོང་ཁྱེར་ཕོ་བྲང་ཤང་ཧ་ལོ་སྒང་གྲོང་ཚོའི་རི་སུལ་གྱི་ཁམ་སྡོང་རྩེ་མོར་དམར་ཐིང་ཐིང་གི་འབྲས་བུའི་ཁུར་གྱིས་དུད་ཅིང་། དྲོད་ཁང་ཆེ་མོའི་ནང་སྟར་ཕྲེང་དུ་སྐྱེས་པའི་རྒུན་འབྲུམ་གྱིས་ཡུལ་སྐོར་བ་མང་པོ་དེ་གར་འཐུ་བར་ཡོང་བའི་ཡིད་དབང་བཀུག་ནས་གང་སར་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་བཞིན་ཡོད།
“དེ་སྔའི་ཐང་རྒོད་ད་ཆ་འཁྲུག་ཆ་དོད་པོ་དེ་འདྲར་གྱུར་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད”ཀུང་སི་ཐོག་མར་འཛུགས་སྐབས་ཀྱི་སྐོར་གླེང་སྐབས་ལྷོ་ཁ་ཏེ་ཁྲེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ཧྥུའུ་ཀོན་གྱི་ཡིད་ལ་གནས་ཚུལ་དེ་དག་ཝ་ལེར་འཆར། 2019ལོའི་ཟླ་3པར། འདི་གར་སླེབས་མ་ཐག་པའི་ཀྲང་ཧྥུའུ་ཀོན་ལ་གདེང་ཚོད་གང་ཡང་མེད་པ་རེད།
“གཞན་གྱི་རིགས་གཅིག་པའི་ཁེ་ལས་འདི་གར་གཞིས་ཚུགས་ཐུབ་ན་ང་ཚོའང་ཚུགས་ཐུབ་ངེས་རེད། ས་མཐོར་ཤིང་འབྲས་འདེབས་པ་ནི་ང་ཚོ་བོད་རིགས་སྤུན་ཟླའི་བསམ་འདུན་ཆེན་པོ་ཞིག་དེ་བས་ཀྱང་ཡིན་པས་དོན་སྙིང་ཆེན་པོ་ལྡན་ཡོད”ཅེས་ཏུང་ཧྲི་ཀྲང་ཀྲེང་ཅ་ཏོའུ་ཡིས་བཤད་པའི་སྐད་ཆ་དེས་ཀྲང་ཧྥུའུ་ཀོན་དང་ལས་རོགས་ཚོར་སེམས་ཤུགས་སྦྱིན།“ལོ་དེར་ཀུང་སི་འཛུགས་སྐབས་ས་གནས་དེ་གའི་གྲོང་མི་མང་པོ་ཞིག་དེ་གར་ལྟ་རུ་སླེབས་སོང་། དེའི་ནང་གི་བགྲེས་སོང་ཞིག་གིས་ཚེ་མཇུག་ཏུ་ང་ཚོ་སོ་སོས་བཏབ་པའི་ཤིང་འབྲས་ཟ་ཐུབ་བམ”ཞེས་དྲིས་པའི་སྐད་ཆ་དེས་ཀྲེང་ཅ་ཏོའུ་ཡི་གདེང་ཚོད་ཆེ་རུ་ཕྱིན།
ལྷོ་ཁ་ཏེ་ཁྲེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ཆེད་ལས་ཅན་གྱི་དོ་དམ་ལག་བསྟར་ནན་པོ་བྱས་ནས“ལྗང་མདོག་དང་། ཁོར་ཡུག་སྲུང་སྐྱོང་། སྐྱེ་ཁམས”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ཧ་ལོ་སྒང་གི་མུའུ་བརྒྱའི་ཞིང་ལས་ཐོན་ལས་གླིང་གི་རྣམ་གྲངས་ལ་བསྡོམས་མ་དངུལ་སྒོར་ཁྲི་2779བཏང་ཞིང་། ས་ཆ་རྒྱ་ཁྱོན་མུའུ་287ཟིན་པའི་སེའུ་དམར་དང་། རྒུན་འབྲུམ། ཀུ་ཤུ། ཁམ་བུ་སོགས་ཁྱད་ལྡན་ཤིང་འབྲས་ཐོན་ལས་གཙོ་གནད་དུ་འཕེལ་རྒྱས་བཏང་ཡོད། 2021ལོ་ཚུན་ཆད་ཆ་སྙོམས་ལོ་ལྟར་ས་གནས་དེ་གའི་ལས་མི་མི་ཐེངས་3000ལྷག་ཙམ་ལ་ལས་ཀ་སྤྲད་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་དང་ས་གནས་དེ་གའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
“ང་ཚོའི་གྲོང་ཚོར་ཤིང་འབྲས་མང་པོ་བཏབ་པས་ངའི་ལས་ཞུགས་ཐག་གཅོད་ཐུབ་པ་མ་ཟད། ད་དུང་རྩལ་ནུས་ཤེས་ནས་མཐོང་རྒྱ་ཡང་ཆེ་རུ་ཕྱིན་སོང”ཞེས་ཀུང་སིར་ལས་ཀ་བྱས་ནས་ལོ་3སོང་བའི་བྱམས་པ་དབྱངས་ཅན་གྱིས་གསར་འགོད་པར་དེ་ལྟར་བཤད།
“ཤིང་འབྲས་དེ་དག་ས་གནས་དེ་གའི་མི་ཧྲེང་རྒན་རྒོན་ལ་སྟེར་རྒྱུ་ཡིན”ཞེས་ལག་རྩལ་པ་ཡུས་ཡིའུ་ལེང་གིས་སྔོག་འཐུའི་ཐད་ཀྱི་དོ་སྣང་བྱེད་དགོས་པའི་དོན་དག་ལ་འགྲེལ་བཤད་རྒྱག་གིན་དུ་གསར་འགོད་པར་ཀུང་སིའི་ཡིག་ཐོག་ཏུ་མ་འཁོད་པའི་གཏན་འབེབས་ངོ་སྤྲོད་བྱས་པ་རེད། ལོ་ལྟར་ཀུང་སི་དེས་ཤིང་འབྲས་ཁག་གཅིག་བཏུས་ནས་ཧ་ལོ་སྒང་གྲོང་ཚོའི་མི་ཧྲེང་རྒན་རྒོན་ལ་རིན་མེད་དུ་སྤྲོད་ཀྱི་ཡོད།
ད་ཆ་རི་སུལ་དམར་ཐིང་ངེར་གྱུར་པ་དང་མི་སེམས་ཀྱང་དྲོ་སོབ་སོབ་བྱུང་ཞིང་། ལྷོ་ཁ་ཏེ་ཁྲེང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ལོ་ལྟར་འོས་འགན་ཐོག་ནས་ཤིང་འབྲས་དང་སྔོ་ཚལ་གྱི་རྩལ་ནུས་གསོ་སྦྱོང་ཐེངས་མང་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་དང་། དམག་བཙུགས་དུས་ཆེན་དང་། དགེ་རྒན་དུས་ཆེན། དགུ་པའི་ཚེས་དགུའི་དུས་ཆེན་སོགས་འཆར་རིམ་བཞིན་ཤིང་འབྲས་སོས་པ་ཁྱེར་ནས་འཚམས་འདྲི་བྱེད་ཀྱི་ཡོད།
ས་མཐོའི་བབ་ཆགས་པའི་གྲོང་མི་རྣམས་ཀྱིས་ཏེ་ཁྲེང་ཞིང་ལས་དང་མཉམ་དུ་རི་སུལ་དུ་ཤིང་འབྲས་བཏབ་པ་དང་། “གྲོང་མི་ཚོའི་འཚོ་བ་ཉིན་བཞིན་གྲ་རྒྱས་སུ་འགྲོ་བ་མཐོང་སྐབས་ངའི་སེམས་ནང་སྐྱིད་སྣང་ཆེན་པོ་ཚོར་གྱི་འདུག”ཅེས་ཤིང་འབྲས་ཀྱིས་ཁེངས་པའི་རི་སུལ་ལ་ལྟ་བཞིན་ཀྲེང་ཅ་ཏོའུ་ཡིས་བཤད།