རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས།
རོགས་རེས་འགན་སྲུང་འཐུས་སྒོ་ཚང་དུ་བཏང་ནས་ལས་བཟོའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་བཏང་བ།
རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ལས་བཟོའི་རོགས་རེས་འགན་ལེན་ལས་དོན་ཤུགས་ཆེན་སྤེལ་ནས་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་རྩ་འཛུགས་ལ་གཞུང་འཁྱོངས་གསར་འབྱེད་བྱེད་པར་ཁྲིད་སྟོན་གྱིས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་རྩ་བར་བཟུང་ནས་ལས་བཟོ་བློ་ཡིད་ཚིམ་པའི“ལས་དོན་པ”ཡག་པོ་ཞིག་བྱས་ཡོད་པ་རེད།
ལྗོངས་ཡོངས་ཀྱི་བཟོ་ཚོགས་ཀྱི་ལས་བཟོའི་རོགས་རེས་འགན་སྲུང་ལས་དོན་འགོ་འཛུགས་ཕྱི་བ་དང་རྨང་གཞི་ཞན་པའི་གནས་ཚུལ་ལ་དམིགས་ཏེ་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས《ལས་བཟོའི་རོགས་རེས་འགན་སྲུང་གི་གཞི་རིམ་སྒྲུབ་གཉེར་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ས་གནས(གྲོང་ཁྱེར)བཟོ་ཚོགས་སུ་ལས་བཟོའི་རོགས་རེས་འགན་སྲུང་གི་གཞི་རིམ་སྒྲུབ་གཉེར་སྒྲིག་གཞི་བཙུགས་ནས་ས་ཁུལ་དེ་གའི་བཟོ་ཚོགས་ཀྱི་ལས་བཟོའི་རོགས་རེས་འགན་སྲུང་གི་ལས་སྒོ་ཁག་སྒྲུབ་པ་དང་། ཚོགས་མིར་ཞབས་ཞུ། ཡིག་ཚགས་དོ་དམ། མ་དངུལ་འདུན་ཞུ་སོགས་ཀྱི་ཞིབ་ཕྲའི་ལས་ཀའི་འགན་ཁུར་ཡོད། གཞི་རིམ་བཟོ་ཚོགས་ཀྱི་རྨང་གཞི་ཞན་པའི་གནད་དོན་ལ་དམིགས་ནས། ལས་བཟོའི་རོགས་རེས་འགན་སྲུང་བྱེད་སྒོའི་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུའི་གྲ་སྒྲིག་བྱས་ཏེ། སྒྲིག་འཛུགས་ཀྱི་གནས་ཚུལ་མདོར་བསྡུས་དང་། རྣམ་གྲངས་བཀོད་སྒྲིག ཚོགས་མིར་ཞབས་ཞུ། འབྲེལ་ཡོད་སྲིད་ཇུས་སོགས་ཀྱི་ཐད་ནས་བརྒྱུད་རིམ་ལྡན་པའི་ངང་གསོ་སྦྱོང་བྱས་ཏེ། གཞི་རིམ་བཟོ་ཚོགས་ལ་ལས་བཟོར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་རོགས་རམ་བྱས་ཡོད་པ་རེད།
ལས་བཟོའི་སྨན་བཅོས་ཀྱི་ཁུར་པོ་ཐག་གཅོད་ཏན་ཏིག་བྱ་ཆེད། ཀྲུང་གོ་ལས་བཟོའི་འགན་བཅོལ་རོགས་རེས་ཚོགས་པ་བོད་ལྗོངས་དོན་གཅོད་ཁྲུའུ་ཡིས་ལས་བཟོར་ཞབས་འདེགས་ཞུ་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་ལས་ཀའི་བརྒྱུད་རིམ་སྔར་བས་ལེགས་སུ་བཏང་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཚོགས་མི་43ལ་རོགས་དངུལ་སྒོར་ཁྲི་82.33སྤྲད་ཡོད། བོད་ཀྱི་ལས་བཟོའི་APPནང་ལས་བཟོའི་རོགས་རེས་འགན་སྲུང་བྱེད་ས་གསར་སྤེལ་བྱས་ནས་ལས་བཟོར་དྲ་ཐོག་ནས་འགྲོ་ལུགས་གཉེར་བའི་ཐབས་ལམ་མཁོ་འདོན་བྱས་ཏེ་རོགས་རེས་གུན་གསབ་དང་འཚམས་འདྲི་དང་རོགས་སྐྱོབ་རེ་ཞུ“དྲ་ཐོག་ཏུ་སྒྲུབ་པ”དང“ངོ་ཐུག་མེད་པར་སྒྲུབ་རྒྱུར”སྐུལ་འདེད་བཏང་ཡོད་པ་རེད།