ཁྲེང་ཏུར་སྨན་པ་བསྟེན་དགོས་ཚེ་འགྲོ་ལུགས་གཉེར་བདེ་པོ་འདུག
ཟླ་8ཚེས་23ཉིན། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་4Aནད་ཁུལ་གྱི་སྨན་གཡོག་ས་ཚིགས་སུ་བཀྲ་ཤིས་དོན་གྲུབ་ཀྱིས་པཱ་ལགས་སྨན་ཁང་ནས་དོན་པའི་འགྲོ་ལུགས་གཉེར་ཚར་རྗེས“རྙོག་དྲ་ཚ་པོ་ཡོད་ངེས་རེད་བསམས་བྱུང་། འོན་ཀྱང་སྐར་མ་ལྔའི་ནང་འགྲོ་ལུགས་གཉེར་ཚར་བས་ངའི་བསམ་ཡུལ་ལས་འདས་སོང”ཞེས་བརྗོད།
ན་ནིང་དབྱར་ཁར། བཀྲ་ཤིས་དོན་གྲུབ་ཀྱིས་སྒོ་བསྟེན་སྨན་ཁང་གི་ཐོག་སོ་དང་པོའི་སྨན་ཁང་དུ་སྡོད་པ་དང་དོན་པའི་འགྲོ་ལུགས་གཉེར་སའི་སྐར་ཁུང་ནས་པཱ་ལགས་སྨན་ཁང་ནས་དོན་པའི་འགྲོ་ལུགས་གཉེར་སྐབས“སྨན་ཁང་ནས་དོན་པའི་འགྲོ་ལུགས་རྙོག་དྲ་ཚ་བ་མ་ཟད། གནམ་གཤིས་ཚ་བ་ཆེ་བའི་ཁར་ཡར་རྒྱུག་མར་རྒྱུག་ཐེངས་མང་བྱེད་དགོས་པས་དངོས་གནས་དཀའ་ལས་ཁག་པོ་འདུག”ཅེས་འཁང་ར་བྱེད་མྱོང་ཡོད།
“མི་འདོད་པའི་རྣམ་འགྱུར”ནས“སེམས་ལྷོད་ལ་བབས་པའི”བར་གྱི་འགྱུར་ལྡོག་ནི། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི“གཅིག་འཐུས་རྣམ་པའི”རྩིས་རྒྱག་ཞབས་འདེགས་ཞུ་སྟངས་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད།
སྨན་པ་བསྟེན་བདེ་རུ་གཏོང་ཆེད། འདི་ལོའི་ཟླ་3པའི་ཟླ་འགོར། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས་སྨན་དོན་དང་། ནད་སྐྱོང་། ནོར་དོན། ཆ་འཕྲིན་སོགས་ཀྱི་ཚན་ཁག་མང་པོ་སྒྲིག་འཛུགས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། ནད་པས་སྨན་པ་བསྟེན་པའི་རེ་འདུན་ལ་གཞིགས་ནས་ནད་པ་ལྟེ་བར་འཛིན་པའི“གཅིག་འཐུས་རྣམ་པའི”རྩིས་རྒྱག་ཞབས་འདེགས་ཞུ་སྟངས་ཁྱབ་གདལ་བཏང་ཡོད།
ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་4Aནད་ཁུལ་གྱི་སྨན་གཡོག་ས་ཚིགས་སུ་སྐྱོད་སྐབས། ནད་པ་པད་མ་གཡང་འཛོམས་ཀྱིས་ནོར་དོན་མི་སྣར་སྨན་ཁང་ནས་དོན་པའི་ནད་གཞིའི་ངོ་སྤྲོད་ཡི་གེ་ཞིག་སྤྲད་པས། སྐར་མ་5ཡང་མ་འགོར་བར་སྨན་རིན་གྱི་རྩིས་ཐོ་དང་འཛིན་ཤོག་པར་བརྒྱབ་ཚར་བ་མ་ཟད། སྨན་རིན་ལྷག་མ་དག་ཀྱང་དངུལ་སྨར་ཐོག་ནས་སློག་གི་ཡོད་པ་རེད། གསར་འགོད་པ་མཐོང་བ་དང་པད་མ་གཡང་འཛོམས་ཀྱིས་དགའ་ཚོར་ཆེན་པོས“དངོས་གནས་སྟབས་བདེ་པོ་འདུག དེ་སྔོན་སྨན་ཁང་དུ་སྡོད་པ་དང་སྨན་ཁང་ནས་དོན་པའི་འགྲོ་ལུགས་གཉེར་སྐབས། ངེས་པར་དུ་ཐོག་སོ་དང་པོའི་ཚོམས་ཆེན་དུ་བང་སྒྲིག་དགོས་ཀྱི་འདུག ད་ལྟ་ནོར་དོན་མི་སྣས་ཉིན་ལྟར་དུས་བཀག་ལྟར་ནད་ཁུལ་དུ་ནད་པར་སྨན་རིན་རྩིས་རྒྱག་འགྲོ་ལུགས་གཉེར་བར་ཡོང་གི་འདུག”ཅེས་བརྗོད།
མིག་སྔར། ཁག་བགོས་ཚོད་ལྟ་བྱས་པ་བརྒྱུད། སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་དང་། སྨན་ལེན་པ། སྨན་ཁང་ནས་དོན་པའི་བློ་འདྲི་སོགས་ཚུད་པའི“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་སྟངས་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་རིམ་བཞིན་ཁྱབ་གདལ་བཏང་བས། ནད་པ་དང་ནང་མིའི་སྨན་པ་བསྟེན་པའི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ཟླ་བ་གསུམ་རིང“གཅིག་འཐུས་རྣམ་པའི”རྩིས་རྒྱག་ཞབས་འདེགས་ཞུ་སྟངས་བརྒྱུད་སྨན་ཁང་ནས་དོན་པའི་སྨན་རིན་རྩིས་རྒྱག་འགྲོ་ལུགས་ཁག་1749གཉེར་ཡོད་པ་རེད།
“སྨན་བཅོས་སྒྲིག་ཆས་དང་། སྨན་བཅོས་ལག་རྩལ། སྨན་བཅོས་ཞབས་ཞུ་བཅས་རིམ་སྤོར་དང་འགྱུར་ལྡོག་ཇི་ལྟར་བྱུང་རུང་། མཐའ་མའི་དོན་ལ་བབས་ས་ཚང་མ་ནི་སྨན་པ་བསྟེན་པའི་བརྒྱུད་རིམ་དེ་བས་སྟབས་བདེ་རུ་བཏང་ནས་མི་སེར་ཚོ་སྨན་པ་བསྟེན་དེ་བས་བདེ་རུ་གཏོང་རྒྱུ་དེ་རེད”ཅེས་ཁྲེན་ཙེང་ཕིང་གིས་བརྗོད་པ་དང་། ཁོང་གིས“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་སྟངས་ལག་ལེན་བསྟར་རྗེས་ནད་པ་དང་ནང་མི་ནད་ཁུལ་ནས་དོན་མི་དགོས་པར། སྨན་ཁང་ནས་དོན་པའི་འགྲོ་ལུགས་དག་དུས་ཐེངས་གཅིག་ལ་གཉེར་ཆོག་པས། ནད་པ་དང་ནང་མི་གྲལ་བསྒྲིགས་ནས་སྡོད་དགོས་ཀྱི་མེད་པས་འགུལ་སྐྱོད་སྟབས་བདེ་མེད་པའི་ནད་པའི་སེམས་ཁྲལ་བསལ་བ་མ་ཟད། སྨན་ཁང་གི་དོ་དམ་ཕན་ནུས་ཀྱང་ཆེ་རུ་ཕྱིན་ཏེ་སྨན་བཅོས་སྒྲིག་ལམ་ཤར་གཏོང་ཐུབ་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བརྗོད།