རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་ནས་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་པ།
རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཨང་དང་པོར་དམ་པོར་དམིགས་ཏེ། ཁྲོམ་རའི་གཉེར་སྐྱོང་བྱེད་པོ་ཚད་ལྡན་དང་། སྟབས་བདེ། ཕྱི་གསལ་ནང་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་དགོས་མཁོར་གཞིགས་ནས་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་ཞུགས་འཐུས་དང་། གཉེར་འཐུས། ཕྱིར་འཐེན་བཅས་ཡོང་བར་དམིགས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་མཛུབ་ཁྲིད་ལས་དོན་ལག་ལེན་བསྟར་ཤུགས་ཆེ་རུ་དང“གློད་སྡོམ་ཞབས་གསུམ”སྒྱུར་བཅོས་མུ་མཐུད་ཇེ་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་པར་ཤུགས་སྣོན་བརྒྱབ་སྟེ། ཁོར་ཡུག་བཟང་པོར་བརྟེན་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་སྐུལ་འདེད་བཏང་ཞིང་། ཟླ་དྲུག་པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་བསྡོམས་འབོར་ཁྲི་46.71ཟིན་པ་དང་། མ་རྩ་སྒོར་དུང་ཕྱུར་22743.15ཐོ་བཀོད་པ་དེ་དུས་མཚུངས་ལས་9.46%དང་6.18%སོ་སོར་འཕར་ནས་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་ཡོད།
“སྒོ་གཅིག་སྐར་ཁུང་གཅིག་ཐེངས་མ་གཅིག་གི”ཞབས་འདེགས་ཞུ་ཚད་མང་དུ་བཏང་ནས། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་རིམ་གསུམ་ཁྲོམ་ར་ལྟ་འདོམས་སྲིད་འཛིན་ཞིབ་མཆན་འགོད་པའི་ལས་སྒོ་དང་སྤྱི་པའི་ཞབས་ཞུ་དེ་ལྷ་ས་གྲོང་ཁྱེར་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་གཉེར་བ་དེས། གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཀྱི་ལས་སྒོ“སྐར་ཁུང་གཅིག”ནས་ཁྱད་པར་མེད་པར་བསྒྲུབས་ཐུབ་པ་བྱུང་ཞིང་། ཁེ་ལས་ཀྱི་ལས་སྒོ་གཉེར་ཚད་ལེགས་སུ་ཕྱིན་ནས་ལས་དོན་སྒྲུབ་པའི་རྣམ་གྲངས་ཀྱི་ཁྱབ་ཁོངས་དང་དྲ་ཐོག་སྒྲུབ་ཚད་རྒྱ་ཆེར་སོང་བ་མ་ཟད། ས་གནས་ས་ཐོག་ཏུ་ལས་སྒོ་གཉེར་བར་ཡོང་བའི་བརྒྱུད་རིམ་ཉུང་དུ་ཕྱིན་ལ། དྲ་ཐོག་ནས་སྲིད་དོན་ཞབས་ཞུ“ཆུ་ཚོད་ཉེར་བཞི་དབྱེར་མེད་སྒྲུབ་པའི”སྤུས་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་ཐོ་འགོད་བརྒྱུད་རིམ་ལེགས་སུ་བཏང་བ་དེས་རེ་ཞུའི་རིགས་ཀྱི་ཡིག་ཆ་གྲངས་25ནས་16བར་ཉུང་དུ་ཕྱིན་པ་དང་། ངོ་སྤྲོད་དཔྱད་ཡིག་ཁག་6མེད་པར་བཟོས་ལ། ཁེ་ལས་ཀྱི་ལས་སྒོ་གཉེར་ཡུན་ལས་ཀའི་ཉིན་གཅིག་ནང་བསྒྲུབས་ཐུབ་པ་བྱུང་ཡོད།
“འཕྲལ་མར་སྒྲུབ་པ་དང་། དྲ་ཐོག་ནས་སྒྲུབ་པ། ཐག་ཉེ་ས་ནས་སྒྲུབ་པ། ཐེངས་གཅིག་ལ་སྒྲུབ་པ། རང་མོས་ངང་སྒྲུབ་པ”བཅས་ཁྱབ་གདལ་ཤུགས་ཆེན་བཏང་ནས། ཁྲོམ་རའི་དཔལ་འབྱོར་གཉེར་སྐྱོང་བྱེད་པོར་ཞབས་འདེགས་ཞུ་བའི་རིམ་པ་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཞིང་། སྒེར་གཉེར་ཚོང་དུད་ལ་རིག་ནུས་ཞིབ་མཆན་འགོད་རྒྱུར་སྐུལ་འདེད་བཏང་བའི་ཐོག་རིག་ནུས་ཞིབ་མཆན་འགོད་པའི་མ་ལག་དང་རང་སྒྲུབ་སྒྲིག་ཆས་ལ་བརྟེན་ནས“ཐུག་འཕྲད་མེད་པར”ལས་དོན་བསྒྲུབ་རྒྱུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བས་སྒེར་གཉེར་ཚོང་དུད་ལ“འདུན་ཞུ་བྱས་འཕྲལ་སྒྲུབ་པ་དང་ཞིབ་མཆན་འགོད་ཐུབ་པ”བྱུང་ཡོད།
“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེ”སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། “ཞུགས་མཆན་ཐོབ་ཀྱང་གཉེར་སྐྱོང་བྱེད་མི་ཆོག་པའི”གནད་དོན་དམིགས་བཀར་དུ་ཐག་གཅོད་བྱས་པས་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་ཀྱི་སྔོན་དཔག་བརྟན་པོ་བྱུང་ནས་འཕེལ་རྒྱས་གཏོང་བའི་སེམས་ཤུགས་ཆེ་རུ་ཕྱིན་ཡོད། ཁེ་ལས་དང་འབྲེལ་བའི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་གཉེར་སྐྱོང་ཆོག་འཐུས་དོན་གནད་དག་ཐེར་བྱས་ཏེ་རིམ་པ་བཞིན་ཞིབ་མཆན་འགོད་པའི་བང་རིམ་དང་སྒྱུར་བཅོས་ཀྱི་བྱ་ཐབས་དང་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ཞིབ་ཕྲའི་ལྟ་འདོམས་བྱ་ཐབས་ཁ་གསལ་བཟོས་ནས། ཞིབ་མཆན་འགོད་ལམ་1མེད་པར་བཟོས་པ་དང་། ཞིབ་མཆན་ཐོ་འགོད་དུ་1བསྒྱུར་བ་1བཟོས་པ། ཤེས་སུ་བཅུག་ནས་ཁག་ཐེག་ཏུ་2བཟོས་པ། ཞིབ་མཆན་འགོད་པའི་ཞབས་ཞུ་7ལེགས་སུ་བཏང་བ་བཅས་བྱས་ཡོད།