དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བདེ་སྐྱིད་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-13

    “བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ”དང་། “འབད་འཐབ་རང་ངོས་ཀྱང་བདེ་སྐྱིད་ཀྱི་བྱ་བ་ཞིག་རེད”“དུས་རབས་གསར་པ་ནི་འབད་འཐབ་མཁན་གྱི་དུས་རབས་ཤིག་ཡིན”ཞེས་འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི་རྒྱང་ལམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་དྲག་པོ་གནང་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཟམ་མི་ཆད་པར་དོན་གཉེར་བྱེད་པར་ཁྲིད་སྟོན་གནང་ཡོད།

    འབད་འཐབ་ནི་ཐོག་མའི་བསམ་འདུན་མི་འགྱུར་བ་དང་འདོད་བློ་མི་འགྱུར་བ་ཞིག་ཡིན་ཞིང་། “མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན”ནི་རང་རེའི་ཏང་གི་འབད་འཐབ་དམིགས་ཚད་ཡིན་པ་དང་། ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཀྲུང་གོ་མི་དམངས་ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། སྟོབས་ཆེན་ཆགས་པ་བཅས་ཀྱི་འབད་འཐབ་ལོ་རྒྱུས་ཤིག་ཡིན། དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚུད་པའི་ཀྲུང་གོའི་མི་དམངས་དུང་ཕྱུར་14ཡི་ཐུན་མོང་གི་བསམ་འདུན་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་གྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་ནི་མི་རབས་མང་པོའི་གུང་ཁྲན་ཏང་མིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཞུམ་མེད་འབད་འབུངས་དང་མཐུན་སྒྲིལ་འབད་འཐབ་ལས་བྱུང་བ་ཞིག་ཡིན། ད་ལྟ་ང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་འབད་འཐབ་བྱེད་པའི་སྙིང་སྟོབས་ནི་གཏན་ནས་ཉམས་མི་རུང་བ་ཞིག་ཡིན། “བདེ་སྐྱིད་ནི་རང་བྱུང་ལྷུན་གྲུབ་ཅིག་མིན་ལ། གནམ་ནས་ཟགས་པ་ཞིག་ཀྱང་མིན” རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར། དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་བཅས་ཚང་མ་ངེས་པར་དུ་དཀའ་སྤྱད་འབད་བརྩོན་བྱས་ཚེ་གཞི་ནས་མངོན་འགྱུར་ཡོང་ཐུབ། བདེ་སྐྱིད་ཀྱི་འཚོ་བ་ནི་ང་ཚོ་རང་ཉིད་ལ་རག་ལས་པ་ཞིག་ཡིན་པས་སུ་ཞིག་གིས་ཀྱང་ང་ཚོར་འོད་ཟེར་ལྡན་པའི་མ་འོངས་ཤིག་གཏོད་མི་ཐུབ།

    འབད་འཐབ་ནི་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་དགོས་པ་ཞིག་ཡིན་ཞིང་། “སྤྱི་ཚོགས་རིང་ལུགས་ནི་དོན་གཉེར་བྱས་པ་ལས་བྱུང་བ་ཞིག་དང་། དུས་རབས་གསར་པ་ནི་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན” རྒྱལ་ཡོངས་ཀྱི“འབད་འཐབ་པ་མཛེས་ཤོས”ཡིན་པའི་ཁུང་ཧྥན་སེན་དང་། ཉི་མ་དོན་གྲུབ། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་བཅས་ཀྱིས་བློ་གྲོས་དང་རྔུལ་ཆུ་དང་ཐ་ན་ཁྲག་དྲོན་དང་ཚེ་སྲོག་བཅས་ལ་བརྟེན་ནས་འབད་འཐབ་ཁྲོད་མི་ཚེའི་བཀྲག་མདངས་འཚེར་ས་བཏོད་ཡོད། ས་བོན་ཁྲི་4000འཚོལ་བསྡུ་གནང་མཁན་ཀྲུང་ཡང་དང་། ལོ་བཅུ་གཉིས་རིང་འབད་འཐབ་བྱེད་བཞིན་པའི“མཁའ་ལམ”ལྟ་སྲུང་བ་ཀའོ་ཆན་ཧྲེང་། གངས་ལྗོངས་ས་མཐོར་བརྟན་སྲུང་བྱེད་བཞིན་པའི་བློ་དཀར་སེམས་དཀར་གྱི་སྲུང་དམག་ཁུང་ཐེ་ཐེ་བཅས་ཀྱིས་འབད་འཐབ་ལ་བརྟེན་ནས“བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་དང་། རྒྱལ་ཁ་ནི་ལེགས་སྐྱེས་ལ་རག་ལས་པ། སྤྱིར་བཏང་གིས་རླབས་ཆེན་གཏོད་པ”བཅས་ཀྱི་རིན་ཐང་འདུ་ཤེས་གསལ་འགྲེལ་བྱས་ཡོད།

    ང་ཚོས“ཕུགས་འདུན་རླབས་པོ་ཆེ་ནི་བསྒུགས་ནས་བྱུང་བ་ཞིག་དང་འབོད་ནས་ཐོབ་པ་ཞིག་མ་ཡིན་པར་འབད་འཐབ་བྱས་ནས་བྱུང་བ་ཞིག་ཡིན་པ”ཤེས་པར་བྱས་ཏེ། ལས་ལ་བརྩོན་པ་དང་། སྙིང་རུས་ཆེ་བ། བློ་གྲོས་ལྡན་པ་བཅས་ཟུང་འབྲེལ་གྱིས་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པ་དང་། བྱ་བ་ཆུང་ཙག་ཚང་མ་ཡག་པོ་སྒྲུབ་པ། ལས་འགན་ཁག་ལེགས་སྒྲུབ་བྱེད་པ། འགན་འཁྲི་རེ་རེར་ལག་བསྟར་བྱེད་པའི་ཁྲོད་སྙིང་སྟོབས་མངོན་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་འབད་འཐབ་པ་དང་། གསར་འབྱེད་པ། ལེགས་སྐྱེས་འབུལ་མཁན་བཅས་བྱེད་ཕོད་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།