རང་རྒྱལ་གྱིས་རྒྱལ་ཁབ་29དང་ཕྱོགས་གཉིས་ཀྱི་དྲ་ཐོག་ཚོང་དོན་མཉམ་ལས་ཀྱི་ལམ་སྲོལ་བཙུགས་ཟིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧོ་ཡ་ཏུང་གིས། རང་རྒྱལ་གྱིས“དར་གོས་དྲ་ཐོག་ཚོང་དོན”གྱི་རྒྱལ་སྤྱིའི་མཉམ་ལས་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་ཧུར་ཐག་གཏོང་ཆེད། རྒྱལ་ཁབ་29དང་ཕྱོགས་གཉིས་ཀྱི་དྲ་ཐོག་ཚོང་དོན་མཉམ་ལས་ཀྱི་ལམ་སྲོལ་བཙུགས་པ་དང་། རྒྱལ་ཁབ་18དང་གྲངས་འཛིན་དཔལ་འབྱོར་མ་འཇོག་མཉམ་ལས་ཀྱི་དྲན་ཐོར་མིང་རྟགས་བཀོད་དེ་གྲངས་འཛིན་ཁེ་ལས་ཁག་གཅིག་བདེ་བླག་ངང་ཕྱིར་ཚོང་གཉེར་བྱེད་པར་བསྐྱོད་ཡོད། མིག་སྔར། རང་རྒྱལ་གྱིས་རང་མོས་ཉོ་ཚོང་གི་གྲོས་མཐུན་21ལ་མིང་རྟགས་བཀོད་པའི་ནང་། དྲ་ཐོག་ཚོང་དོན་ནམ་ཡང་ན་གྲངས་འཛིན་དཔལ་འབྱོར་ལ་ཆེད་སྤྱོད་ཐེལ་ཙེ་བཟོས་ནས་གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་གྲོགས་ཚོགས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད་ཅེས་བརྗོད།
ཧོ་ཡ་ཏུང་གིས་ཉིན་དེའི་ཚོང་དོན་པུའི་འཆར་ཅན་གྱི་གསར་འགྱུར་ཚོགས་འདུར། གྲངས་འཛིན་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་ཆེད། ཚོང་དོན་པུས་གྲངས་འཛིན་ཚོང་དོན་སྒྱུར་བཅོས་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་འདོན་རྒྱུར་སྐུལ་མ་བཏང་སྟེ་རྒྱལ་ཁབ་ཀྱི་གྲངས་འཛིན་ཞབས་ཞུ་ཕྱིར་གཏོང་རྟེན་གཞིའི་རྒྱ་སྟོབས་ཆེ་རུ་བཏང་ནས། ཚོང་དོན་པུའི་གྲངས་འཛིན་ཚོང་དོན་ཚད་གཞི་ཅན་གྱི་ལག་རྩལ་ཨུ་ལྷན་འཛུགས་རྒྱུར་སྐུལ་འདེད་བཏང་བ་མ་ཟད། གྲངས་འཛིན་ཚོང་དོན་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་དཔལ་འབྱོར་ཚོང་དོན་པུའུ་དང་གྲངས་འཛིན་ཚོང་དོན་ཁྱབ་ཁོངས་ཀྱི་མཉམ་ལས་བསམ་ཤེས་དྲན་ཐོར་མིང་རྟགས་ཀྱང་བཀོད་ཡོད། 2022ལོར་རང་རྒྱལ་གྱི་གྲངས་འཛིན་ཅན་རྩིས་སྤྲོད་ཀྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་ཨ་སྒོར་དུང་ཕྱུར་3727ཟིན་པ་དེ་དུས་མཚུངས་ལས་3.4%འཕར་ནས་གོ་ལ་ཧྲིལ་པོའི་ཨང་ལྔ་པར་སླེབས་ཡོད་ཅེས་ངོ་སྤྲོད་བྱས།
ཧོ་ཡ་ཏུང་གིས། ཚོང་དོན་པུའུ་དང་ཀྲེ་ཅང་ཞིང་ཆེན་གྱིས་མཉམ་དུ་གཙོ་གཉེར་བྱས་པའི་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་དེ་ཟླ་11ཚེས་23ནས་27ཉིན་བར་ཧང་ཀྲོའུ་རུ་འཚོག་རྒྱུ་ཡིན་པ་དང་། སྟོན་ཚོགས་ཀྱིས“གྲངས་འཛིན་ཚོང་དོན། གོ་ལ་ཧྲིལ་པོར་ཁྱབ་པ”བརྗོད་དོན་གཙོ་བོ་དང་། “གཞི་གཅིག་ཅན་གྱི་ལས་གཉེར། གྲངས་འཛིན་དང་དངོས་ཚན་མཉམ་འདྲེས་ཡོང་བ་བྱ་རྒྱུ”ཁྱད་ཆོས་སུ་བྱས་ཏེ་ཚོགས་འདུ་དང་། འགྲེམས་སྟོན། ལས་སྟེགས། བྱེད་སྒོ་བཅས་སྡེ་ཚན་བཞིར་བཀོད་སྒྲིག་གིས་ཕྱོགས་བསྡུས་འགྲེམས་ཁང་1དང་། འཕེལ་ཕྱོགས་གསར་ཤོས་དང་དར་གོས་དྲ་ཐོག་ཚོང་དོན་གྱི་ཁྱད་ལྡན་འགྲེམས་ཁང་2དང་དེ་བཞིན་གྲངས་འཛིན་ལག་རྩལ་དང་། གྲངས་འཛིན་ཞབས་ཞུ། གྲངས་འཛིན་ནང་དོན། གྲངས་འཛིན་རིག་ནུས་ཕྱིར་སྐྱོད་བཅས་གྲངས་འཛིན་ཐོན་ལས་འགྲེམས་ཁང་4བཅས་བསྐྲུན་རྒྱུ་ཡིན། མིག་སྔར། གྲངས་འཛིན་ཚོང་དོན་འདུ་ཚོགས་སྐབས་གཉིས་པའི་ཚོང་འགུགས་འགྲེམས་སྟོན་གྱི་ལས་དོན་ཕྱོགས་ཡོངས་ནས་སྒྲུབ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།