དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་འཕྲོ་བའི་རིག་གནས་ཁྲོད་ནས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཤེས་ཚོར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-12

    ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ཧྲན་ཤིས་སུ་བསྐྱོད་པ།

    ཟླ་9ཚེས་4ནས་7ཉིན་བར་ཨར་པ་ནི་ཡ་དང་། ལྷོ་ཨ་ཧྥེ་རི་ཁ། སེ་ཧྲེར་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་20ཡི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ཧྲན་ཤིས་ཞིང་ཆེན་དུ་ལྟ་སྐོར་དང་འཚམས་འདྲིར་གདན་ཞུས་ལྟར་ཕེབས་པ་དང་། ཁོང་རྣམ་པས་ཧྲན་ཤིས་ཀྱི་བརྗིད་ཉམས་ཆེ་བ་དང་གནའ་ཉམས་དོད་ལ་སྤུས་ཀ་ལེགས་པའི་གནའ་ཤུལ་གྲགས་ཅན་ཁྲོད་ནས་ལོ་རྒྱུས་ཡུན་རིང་ལྡན་ལ་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་ཤེས་ཚོར་བྱས་པ་དང་། ལྗང་མདོག་ནུས་ཆེའི་རིག་ལྡན་དེང་རབས་བཟོ་གྲྭའི་ཁྲོད་ནས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ་རེད།

    གཞུང་ཚབ་པ་རྣམས་ཐོག་མར་ཡུན་ཀང་བྲག་ཕུག་ཏུ་ཕེབས་ཤིང་། ལོ་1500ལྷག་ཙམ་གོང་བསྐྲུན་པའི་ཡུན་ཀང་བྲག་ཕུག་ཏུ་སྐུ་བརྙན་བརྗིད་ཆེ་བ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས་ཡུལ་གྲུ་ཀུན་ཏུ་སྐད་གྲགས་ཡོད་ལ་ནང་བསྟན་གྱི་སྒྱུ་རྩལ་དང་རྡོ་བརྐོས་སྒྱུ་རྩལ་མཉམ་འདྲེས་ཀྱི་རིག་གནས་སྒྱུ་རྩལ་གྱི་བང་མཛོད་ཅིག་ཀྱང་རེད།

    ཡུན་ཀང་བྲག་ཕུག་གི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཉམས་འགྱུར་ལས་ཀྲུང་གོར་བཅའ་སྡོད་ཀི་ནེ་ཡ་པི་སོའི་གཞུང་ཚབ་ཁང་གི་རིམ་པ་དང་པོའི་ཚན་ཙན་ཧ་མུའུ་ཀྲ·ཨེན་པ་ལུའོ་སྤྲོ་བ་ཆེན་པོ་འཕེལ་ཡོད། ཁོང་གིས། ང་རང་ཡུན་ཀང་བྲག་ཕུག་གི་ལོ་རྒྱུས་རིང་པོར་ཞེན་ཆགས་ཆེན་པོ་བྱུང་། བྲག་ཕུག་ནང་གི་སྐུ་བརྙན་དང་ལྡེབས་རིས་ལ་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པས་གནའ་བོའི་ཀྲུང་གོའི་འོད་སྟོང་འཕྲོ་བའི་སྒྱུ་རྩལ་གྱི་གྲུབ་འབྲས་མཚོན་ཐུབ་ཀྱི་ཡོད་ཅེས་བརྗོད།

    སྤྱི་ལོ་1056ལོར་བསྐྲུན་པའི་ཧྲན་ཤིས་ཧྲོའུ་ཀྲོའུ་ཡིང་རྫོང་གི་མུའུ་ཐ་མཆོད་རྟེན་ནི་ད་ལྟ་གནས་པའི་ཆེས་གནའ་བོའི་ཤིང་གི་སྐྲུན་དངོས་ཆེ་ཤོས་ཤིག་རེད། མུའུ་ཐ་མཆོད་རྟེན་ལ་ལྟ་སྐོར་དང་ཀྲུང་གོའི་སྲོལ་རྒྱུན་བཟོ་རྩལ་ཕོ་འཕལ་མོ་འཕལ་གྱི་གྲུབ་ཆར་ཉམས་ལེན་བྱས་རྗེས། གཞུང་ཚབ་པ་རྣམས་ཀྲུང་གོའི་གནའ་མིའི་ཁྱད་དུ་འཕགས་པའི་བཟོ་སྐྲུན་ལག་རྩལ་དང་གསར་གཏོད་ནུས་ཤུགས་ལ་ཧ་ལས་ཧང་སངས།

    ཀྲུང་གོར་བཅའ་སྡོད་ཨར་པ་ནི་ཡའི་གཞུང་ཚབ་ཆེ་མོ་བ་སའེ་ལི་མུའུ·པེ་ལོར་ཐ་ཡས“ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ། ཀྲུང་གོའི་གནའ་རབས་ཀྱི་ལག་ཤེས་པ་ཚོས་རྩིས་འཁོར་དང་གློག་ཀླད་ཀྱི་སྒྲིག་སྦྱོར་དང་དེང་རབས་ཀྱི་འཕྲུལ་ཆས་གང་ཡང་མེད་པའི་གནས་ཚུལ་འོག་ལག་ཤེས་རྐྱང་པས་ཤིང་གི་མཆོད་རྟེན་དེ་འདྲ་བསྐྲུན་པ་ནི་དངོས་འབྲེལ་རླབས་ཆེན་གྱི་བརྩམས་ཆོས་འགྲན་ཟླ་བྲལ་བ་ཞིག་རེད”ཅེས་བརྗོད།

    ཕྱོགས་གཅིག་ནས་ལོ་རྒྱུས་ཡུན་རིང་རྒྱུན་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གསར་འབྱེད་གསར་གཏོད་བྱེད་ཅིང་། ཉེ་བའི་ལོ་ཤས་རིང་ཧྲན་ཤིས་ཀྱིས་ནུས་རྒྱུ་གཞན་སྒྱུར་དང་ཐོན་ལས་གཞན་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་སྒུལ་ཤུགས་ཆེན་པོ་འཕེལ་བཞིན་ཡོད། གཞུང་ཚབ་པ་རྣམས་ཀྱིས་རྟོག་ཞིབ་བྱས་པའི་ཐ་ཧྲན་འཁོར་རྒྱུག་དཔལ་འབྱོར་གླིང་དང་ཐའེ་ཀྲུང་ཚོགས་པ་ནི་ཀྲུང་གོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པའི་བསྡུས་རིས་ཤིག་རེད།

    ཐ་ཧྲན་འཁོར་རྒྱུག་དཔལ་འབྱོར་གླིང་གིས་རྡོ་སོལ་གཏེར་ཁ་དང་། གློག་འདོན། རྡོ་སོལ་རྫས་འགྱུར་བཟོ་ལས། འཛུགས་སྐྲུན་རྒྱུ་ཆ་སོགས་འབྲེལ་ཡོད་ཁྱབ་ཁོངས་སྦྲེལ་མཐུད་བྱས་ཏེ་ཐོན་སྐྱེད་ཚན་པ་གོང་མའི་ཐོན་སྐྱེད་སྙིགས་རོ་ནི་ཐོན་སྐྱེད་ཚན་པ་རྗེས་མའི་ཐོན་སྐྱེད་རྒྱུ་ཆ་ཡིན་པས། མགོ་མཇུག་འབྲེལ་མཐུད་ཀྱི་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་གི་ཐོན་སྐྱེད་བྱེད་སྟངས་ཤིག་ཆགས་ཡོད་པ་རེད།

    རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་རྣམས་ད་རེས་ཧྲན་ཤིས་སུ་སྐྱོད་པའི་གཙོ་གནད་ཅིག་རེད། ཟླ་9ཚེས་6ཉིན་2023ལོའི་ཐའེ་ཡོན་གྱི་ནུས་རྒྱུ་ཐཱན་ཉུང་འཕེལ་རྒྱས་གླེང་སྟེགས་འགོ་ཚུགས་ཤིང་། གླེང་སྟེགས་མ་གཉེར་གོང་འཚོགས་པའི་གྲལ་སྒོར་ཚོགས་འདུའི་ཐོག་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་པ་རྣམས་ཀྱིས་ནུས་རྒྱུ་གཞན་སྒྱུར་དང་། ནུས་རྒྱུ་གསར་པའི་ལག་རྩལ། ཐཱན་ཉུང་འཕེལ་རྒྱས་སོགས་ཀྱི་ཐད་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་འདུན་པ་མཚོན་ཡོད།

    ཀྲུང་གོར་བཅའ་སྡོད་སེ་ཧྲེར་གྱི་གཞུང་ཚབ་ཆེ་མོ་བ་ཨན་ཉི·ལ་ཧྥུའུ་ཏི་ན་ཡིས། གོ་ལ་ཧྲིལ་པོ་ཇེ་དྲོར་འགྲོ་བའི་དུས་བབ་ཛ་དྲག་གི་མདུན་དུ་རྒྱལ་ཁབ་ཚང་མས་རང་ཉིད་གཅིག་པུས་གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་མཇུག་འབྲས་ལ་ཁ་གཏད་གཅོག་ཐབས་བྲལ་བས། འཛམ་གླིང་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། ད་ཐེངས་ཀྱི་གླེང་སྟེགས་དེས་འཛམ་གླིང་ལ་བཙོག་འབུད་ཉུང་གཏོང་གི་མཉམ་ལས་དང་ལྗང་མདོག་ཕྱོགས་སྒྱུར་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཡོང་ཆེད། སྟེགས་བུ་ཡག་པོ་མཁོ་འདོན་བྱས་ཡོད་པས་ཀྲུང་གོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལག་ལེན་དང་རིག་ལྡན་ནུས་རྒྱུའི་ཐག་གཅོད་ཇུས་གཞི་དེ་རྒྱལ་ཁབ་ཁག་གིས་དཔྱད་གཞིའི་མེ་ལོང་དུ་འཛིན་འོས་པ་ཞིག་ཡོད་ཅེས་བརྗོད།

    ཀྲུང་གོར་བཅའ་སྡོད་འཇར་མན་གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་པ་ཀེ་རུའོ་ཧའེ་ཡིས། འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོར་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཕྱོགས་གཉིས་པོས་ས་གནས་སྲིད་གཞུང་དབར་མཉམ་ལས་དང་ཉམས་མྱོང་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། དུས་བཀག་ལྟར་རིག་གཞུང་སྤེལ་རེས་དང་རྟོག་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་བ། མཉམ་ལས་ཀྱི་མི་མངོན་པའི་ནུས་པ་གསར་པ་རྒྱུན་ཆད་མེད་པར་འདོན་པ་བཅས་བྱས་ནས་ཕ་རི་སིའི་གྲོས་ཆོད་ཀྱི་དམིགས་ཚད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། ཐུན་མོང་ཐོག་ལེགས་སྐྱེས་འབུལ་དགོས་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།