དབུ་ཤོག
  • གཟའ་འཁོར་འདིར་དྲོད་ཚད་འཕར་ཆག་ཆེ་བས་ཚང་མས་དོ་སྣང་གནང་རོགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-09-11

    ཚེས་10ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ་བཏང་བ་རེད། སྔོན་དཔག་བྱས་ན། གཟའ་འཁོར་འདིའི་དུས་འགོར་རང་ལྗོངས་ཀྱི་དབུས་ཤར་རྒྱུད་དུ་ཆར་པ་མང་ཙམ་འབབ་རྒྱུ་དང་། གཟའ་ལྷག་པའི་རྗེས་སུ་ས་ཁུལ་མང་ཆེ་བར་གནམ་དྭངས་བ་དང་དྲོད་ཚད་འཕར་ཆག་ཆེན་པོ་ཡོད། 

    གཟའ་འཁོར་འདིའི་ཆར་པ་འབབ་ཚད། ནག་ཆུ་དང་ཆབ་མདོའི་བྱང་རྒྱུད་དུ་རྒྱུན་གཏན་ལྟར་ཡིན་པ་དང་ས་ཆ་གཞན་དག་ལ་ཆར་པ་འབབ་ཚད་ཅུང་ཉུང་བ་ཡོད། 

    གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། ས་ཆ་མང་ཆེ་བར་རྒྱུན་གཏན་ནམ་ཡང་ན་དྲོད་ཚད་དམའ་རུ་འགྲོ་རྒྱུ། 

    ཚེས་11ཉིན་ནས་12ཉིན་བར། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་དྲག་ཆར་འབབ་རྒྱུ། ཡར་ཀླུང་གཙང་པོའི་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། 

    ཚེས་13ཉིན་ནས་15ཉིན་བར། གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་སྐབས་རེ་ཐོལ་ཆར་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་དྭངས་བ་ནས་སྤྲིན་པ་ཉུང་ཙམ་འཁོར་རྒྱུ།

    ཚེས་16ཉིན་ནས་17ཉིན་བར། ནག་ཆུ་དང་ཆབ་མདོའི་བྱང་རྒྱུད་དུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་ཐོལ་ཆར་འབབ་རྒྱུ། 

    གནམ་གཤིས་སྡེ་ཚན་གྱི་གྲོས་འགོ

    གཟའ་འཁོར་འདིའི་དུས་འགོར་རང་ལྗོངས་ཀྱི་དབུས་ཤར་རྒྱུད་དུ་ཆར་པ་མང་ཙམ་འབབ་རྒྱུ་ཡིན་པས། ཤྭ་འོད་དང་ས་གཤིས་ཀྱི་གནོད་འཚེར་འགོག་ཟོན་བྱེད་དགོས་པ་དང་། ཁྲོན་བོད་ལྕགས་ལམ་རྒྱུད་དུ་གནོད་འཚེའི་མངོན་མེད་རྐྱེན་ངན་ལ་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་བྱེད་པར་ཤུགས་སྣོན་རྒྱག་དགོས།

    དེའི་རིང་གློག་འཁྱུག་པ་དང་འབྲུག་སྒྲ་གྲགས་པ། སེར་བ་འབབ་པ། དུས་ཐུང་ནང་དྲག་ཆར་འབབ་པ་སོགས་གཏད་རྒྱུག་གནམ་གཤིས་བསྟན་སླ་བས་འགོག་ཟོན་ཡག་པོ་བྱེད་དགོས། 

    གཟའ་ལྷག་པའི་རྗེས་སུ་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་གནམ་དྭངས་རྒྱུ་ཡིན་པས། ཞིང་ཁུལ་གཙོ་བོ་ཁག་གི་སོ་ནམ་པས་དམ་འཛིན་ཡག་པོ་བྱས་ནས་བཙས་མ་བརྔ་བ་དང་གཡུལ་ལས་གཏོང་དགོས། 

    ནགས་ཁུལ་དུ་ནགས་ཚལ་གྱི་མེ་ཟོན་ལ་དོ་སྣང་བྱེད་དགོས། 

    གངས་རྡིབ་སོགས་གངས་བཞུ་བའི་ཞོར་ཐོན་གནོད་འཚེར་འགོག་ཟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།