མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་དཔེ་རིས་གསར་པ་མཉམ་དུ་འགོད་དགོས།
གནམ་ལྕགས་འབར་བ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་འཚོག་ཉེའི་སྐབས་སུ་བྲིས་པ།
ཟླ་9ཚེས་10ཉིན། “ཚན་རིག་རྟོག་ཞིབ་ཀྱིས་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་སྔོག་འདོན་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཉམ་དུ་གཏོད་པའི”བརྗོད་དོན་གཙོ་བོའི་གནམ་ལྕགས་འབར་བ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་འགོ་ཚུགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་གནམ་ལྕགས་འབར་བའི་རི་གཤམ་ལ་འཛོམས་ནས་མཉམ་དུ་སྐྱེ་ཁམས་ཤེས་དཔལ་གླེང་བ་དང་ལྗང་མདོག་འཕེལ་རྒྱས་དོན་གཉེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཐུན་མོང་ངོས་འཛིན་གྱི་མཉམ་ཤུགས་ཆགས་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་དུས་རབས་ཀྱི་ལེའུ་ཞིག་བརྩམས་ཡོད།
བོད་ནི་རང་རྒྱལ་དང་ཐ་ན་གླིང་ཆེན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། དེའི་སྐྱེ་ཁམས་ཀྱི་འཐབ་ཇུས་གནས་བབ་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མཐོང་ཆེན་གནང་ནས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། “མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་ཐུབ་པ་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན”ཞེས་ནན་བཤད་གནང་བ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ“འཛམ་གླིང་གི་ས་གཙང་མཐའ་མ་དེ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི”མངགས་བཅོལ་ཟབ་མོ་གནང་ཡོད་ལ། དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཡོང་བར“ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི”བླང་བྱ་ཁ་གསལ་ཡང་བཏོན་གནང་ཡོད། 2021ལོའི་ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལ་གཟིགས་ཞིབ་གནང་བར་ཕེབས་སྐབས། ཐོག་མར་ཉང་ཆུའི་ཟམ་ཆེན་དུ་ཕེབས་ནས་ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ནས། བོད་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུར་སྐྱོད་དགོས་པའི་བླང་བྱ་བཏོན་གནང་ཞིང་། རྒྱང་ལམ་གསར་པར་བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བར་དམིགས་འབེན་དང་ཁ་ཕྱོགས་གསལ་སྟོན་གནང་བ་དང་། འགོ་འཛུགས་ས་གསར་པར་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པར་སྒུལ་ཤུགས་ཆེན་པོ་ཞིག་སྦྱིན་ཡོད།
བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས་ཕན་འབྲས་སྐལ་བརྒྱར་ཐོན་པ་དང་ཕན་པ་གནམ་འོག་ཀུན་ལ་འདོགས་པ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྤྱི་འདོམས་བྱས་ནས། “སྐྱེ་ཁམས་ཁོར་ཡུག་ཡག་པོ་ཡོང་བར་འགན་ལེན”བྱ་རྒྱུ་དེ་རྣམ་གྲངས་ཅན་དང་། ཞིབ་ཕྲ་ཅན། གཞི་རྟེན་ཅན་བཅས་སུ་འགྱུར་བར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀོད་སྒྲིག་རབ་དང་རིམ་པ་ལག་ལེན་ཧུར་ཐག་བསྟར་ཏེ། ས་མཐོའི་ས་གཞི་ཆེན་པོར་སྐྱེ་ཁམས་ཀྱི་མཛེས་ཆ་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། སྐྱེ་ཁམས་ཀྱི་རིན་ཐང་རྒྱུན་མཐུད་མངོན་པ། སྐྱེ་ཁམས་ཀྱི་ལེགས་ཆ་སྔར་བས་ཐོན་པ། ལྗང་མདོག་འཕེལ་རྒྱས་གཏོང་བའི་གསོན་ཤུགས་ཀྱིས་ཁེངས་པ་བཅས་ཡོང་བར་སྣེ་ཁྲིད་བྱས་ཡོད།
ད་ཐེངས་གནམ་ལྕགས་འབར་བ—བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་འཚོག་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཕྱི་ཕྱོགས་ལ་སྟོན་པའི་སྐར་ཁུང་དང་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་རྒྱ་སྐྱེད་དུ་གཏོང་བའི་དོན་དངོས་བྱ་སྤྱོད་ཅིག་ཡིན་པ་དེས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་དང་། སྐྱེ་ཁམས་འཛུགས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་དང་ཕན་ཚུན་དཔྱད་གཞིར་འཛིན་པ། སྐྱེ་ཁམས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས། སྐྱེ་ཁམས་ཀྱི་ཐོན་རྫས་ཚོང་དོན་མཉམ་འདྲེས། སྐྱེ་ཁམས་ཀྱི་རིན་ཐང་འཕོ་འགྱུར་མཉམ་ལས་བཅས་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་དུ་བསྐྲུན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་སྤྱོད་དགོས། ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བྱས་ནས་བོད་ཀྱིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་། གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྔར་བས་བརྟན་དུ་བཏང་ནས་སྐྱེ་ཁམས་ཤེས་དཔལ་སྤེལ་རེས་མཉམ་ལས་དེ་བས་ཇེ་ཟབ་ཏུ་བཏང་སྟེ། བློ་གྲོས་དང་། ལེགས་ཆ་གཅིག་ཏུ་བསྡུས་ནས་གངས་ལྗོངས་ས་མཐོའི་སྲོག་ཆགས་རྩི་ཤིང་དང་། ཆུ་ཁྲི་རི་སྟོང་སྲུང་སྐྱོང་ཡག་པོ་བྱས་ནས་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བོད་ལྗོངས་ཀྱི་ཇུས་གཞི་དང་བོད་ལྗོངས་ཀྱི་ཐབས་ལམ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཟམ་མི་ཆད་པར་འཚོལ་ཞིབ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་གཞི་མདོག་གི་བཀྲག་མདངས་རྒྱུན་ཆད་མེད་པར་མངོན་པར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བཟང་པོས་མི་དམངས་ལ་འཚོ་བ་བདེ་སྐྱིད་ཡོང་བའི་འཕར་གཞི་གསར་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་འདེགས་སྐྱོར་བྱེད་གནས་སུ་འགྱུར་བར་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ས་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ། རང་བྱུང་ཁམས་སྲུང་སྐྱོང་གི་མ་དཔེ་ཁུལ། སྐྱེ་ཁམས་ལ་བརྟེན་ནས་དམངས་ཕྱུག་ཡོང་བའི་སྔོན་བསྟར་ཁུལ་བཅས་འཛུགས་སྐྲུན་བྱེད་པའི་ཐད་བོད་ཀྱིས་བྱས་རྗེས་འཇོག་པ་དང་བོད་ཀྱིས་འགན་འཁྲི་འཁུར་ཕོད་པ་མངོན་པར་བྱེད་དགོས།
ད་ཐེངས་ཀྱི་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་ངང་གཉེར་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།