ཞི་ཅིན་ཕིང་གིས་དུས་རབས་གསར་པར་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ།
འདི་ནི་ཟླ་9ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་ཞིང་ཆེན་ཧར་པིང་གྲོང་ཁྱེར་དུ་དུས་རབས་གསར་པར་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཧར་པིན་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་དུས་རབས་གསར་པར་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་བཏང་ནས་ཚད་བརྒལ་གསར་པ་ཡོང་བར་བྱེད་པའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། རྒྱལ་ཁབ་ཀྱི“བདེ་འཇགས་ཆེན་པོ་ལྔ”སྲུང་སྐྱོང་བྱེད་རིང་གི་བྱང་ཤར་གྱི་འགན་འཁྲི་གལ་ཆེན་ལ་སྟངས་འཛིན་ནན་པོ། ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཐབ་ཇུས་ཀྱི་ལས་འགན་ཡིན་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྟངས་འཛིན་ནན་པོ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་ཟུང་འབྲེལ་མཐའ་འཁྱོངས། ལེགས་ཆ་དར་སྤེལ་དང་ཞན་ཆ་སེལ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནང་སྐྱེས་སྒུལ་ཤུགས་འཕེལ་རྒྱུ་ཟུང་འབྲེལ་མཐའ་འཁྱོངས། དམིགས་ཚད་དམ་འཛིན་ལ་ལྷོད་གཡེང་མི་གཏོང་བ། ཞུགས་ཕོད་པ་དང་བྱེད་ཕོད་པ་བྱས་པ་མ་ཟད་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་ཆོག་པའི་དར་རྒྱས་ཀྱི་ལམ་བུ་གསར་པར་ཧུར་ཐག་བསྐྱོད་དེ་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
བཞུགས་མོལ་ཚོགས་འདུར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་དང་། ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧའོ་ཕུང་། ཅི་ལིན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཅིང་ཅུན་ཧའེ། ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཆིན། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཧྲའོ་ཁྲེང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་ལ་ལས་དོན་གནས་ཚུལ་སྙན་སེང་ཞུས་པ་དང་། བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། 2018ལོའི་ཟླ་9པར་ཧྲེན་དབྱང་དུ་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཚུན། བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱང་ཤར་གྱི་ཞིང་ཆེན་གསུམ་དང་ནང་སོག་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་གྲུབ་འབྲས་གསར་པ་ཐོབ་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི“གྲུ་རྡོའི”ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་། ཐོན་ལས་བདེ་འཇགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ། ནུས་རྒྱུའི་བདེ་འཇགས་འགན་ལེན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ། རྒྱལ་སྲུང་བདེ་འཇགས་ཀྱི་འགན་ལེན་ནུས་པ་ཆེ་རུ་ཕྱིན་པ་བཅས་ལས་སྒྱུར་བཅོས་སྒོ་དབྱེར་རྣམ་པ་གསར་པ་ཐོན་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། བྱང་ཤར་གྱི་ཐོན་ཁུངས་ཆ་རྐྱེན་ཅུང་བཟང་བ་དང་། ཐོན་ལས་ཀྱི་རྨང་གཞི་ཅུང་བརྟན་པ། ས་བབ་ཀྱི་ལེགས་ཆ་དམིགས་བསལ་ཡིན་པ། འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེ་བ་བཅས་ཡོད། དེང་སྐབས། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བར་གོ་སྐབས་གལ་ཆེན་གསར་པ་འཕྲད་ཡོད། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་བར་བྱེད་པ་དེ་བྱང་ཤར་གྱིས་ཚན་སློབ་དང་ཐོན་ལས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་བྱང་ཤར་གྱི་འཐབ་ཇུས་གནས་བབ་གལ་ཆེན་སྔར་བས་མངོན་གསལ་དོད་དུ་གཏོང་བར་ཕན་པ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་བྱང་ཤར་གྱི་འཐབ་ཇུས་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་དུ་བྱང་ཤར་བསྐྱར་དུ་དར་རྒྱས་ཡོང་བ་དང་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་བྱང་ཤར་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་ནི་དངོས་ཚན་དཔལ་འབྱོར་དང་། འགག་རྩ་ནི་ཚན་རྩལ་གསར་གཏོད། ཁ་ཕྱོགས་ནི་ཐོན་ལས་རིམ་སྤོར་བཅས་རེད། རང་རྟེན་གསར་གཏོད་ཀྱི་གནད་འགག་འདིར་དམ་འཛིན་ནན་པོ་བྱས་ཏེ་གསོག་འབོར་བརྟན་པོ་དང་། འཕར་ཚད་རྒྱ་སྐྱེད། ཐོན་ལས་འཁོར་འབྲེལ་སྣུར་སྲིང་། ཟུར་སྣོན་རིན་ཐང་མཐོར་གཏོང་བཅས་ལ་ཤུགས་རྒྱག་དགོས། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ལ་སྒྱུར་བཀོད་མགྱོགས་མྱུར་བྱེད་པ་དང་། ཐོན་ལས་འཁོར་འབྲེལ་གོང་འོག་གཉིས་ལ་སྣུར་སྲིང་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ཅུང་འཐུས་སྒོ་ཚང་བའི་ཐོན་ལས་འཁོར་འབྲེལ་དང་ཐོན་ལས་ཁྱུ་ཚོགས་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་། ཚན་སློབ་གསར་གཏོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་ལེགས་སུ་གཏོང་བ། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་མང་དུ་གཏོང་བ། འགག་རྩ་དང་ལྟེ་བའི་ལག་རྩལ་དེ་བས་མང་བ་ཁོང་དུ་ཆུད་པ་བཅས་བྱེད་དགོས། ཐོན་ལས་གླིང་སྐྱེད་སྲིང་ཧུར་ཐག་དང་། ཁ་གཏད་མཉམ་ལས་ལ་ཤུགས་སྣོན། ཚན་ཞིབ་གྲུབ་འབྲས་དོན་འཁྱོལ་དང་གཞན་སྒྱུར་མགྱོགས་མྱུར་བཅས་བྱེད་དགོས། ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། སྔོན་ཐོན་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་དང་། འབྱུང་འགྱུར་གྱི་ཐོན་ལས་སྐྱེད་སྲིང་ཧུར་ཐག སྤུས་གསར་ཐོན་སྐྱེད་ནུས་ཤུགས་གང་མགྱོགས་ཆགས་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། རླུང་གློག་དང་། འོད་གློག ཉིང་རྡུལ་གློག་སོགས་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་མགྱོགས་མྱུར་གཏོང་བ་དང་། རླུང་ནུས་དང་། འོད་ནུས། མེ་ནུས། ཉིང་ནུས་བཅས་ཀྱི་གློག་གྲབས་གསོག་གཞི་གཅིག་ཅན་གྱི་ནུས་རྒྱུའི་རྟེན་གཞི་སྐྲུན་དགོས། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བྱང་ཤར་གྱི་སྐྱེ་ཁམས་ཁོར་ཡུག་དང་སྐྱེ་དངོས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་དེང་རབས་ཀྱི་སྐྱེ་དངོས་དང་གྲངས་གཞི་ཆེན་པོ་སོགས་ཀྱི་གསར་དར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། གངས་འཁྱགས་དཔལ་འབྱོར་དང་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་དར་རྒྱས་ཀྱི་ཆེད་དོན་བྱ་སྤྱོད་ལག་ལེན་བསྟར་ནས་གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། གཞུང་ཁོངས་མ་རྩ་དེ་ལས་རིགས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་གཅིག་སྡུད་ཐུབ་པར་སྐུལ་འདེད་བཏང་སྟེ་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། ཀྲུང་དབྱང་དང་ས་གནས་མཉམ་ལས་བྱེད་སྟངས་གསར་གཏོད་བྱས་ནས་ཀྲུང་དབྱང་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་ཁྲིད་བྱེད་དགོས།
དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་། སྐུལ་ལྕག ཁྲིད་སྟོན་བཅས་བྱས་ཏེ། ཁེ་ལས་འབྲིང་ཆུང་ལ་ཕྱོགས་པའི་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་དེ་བས་མང་བ་ལག་ལེན་དུ་བསྟར་ནས། དབང་བའི་ལམ་ལུགས་སྣ་མང་གི་ཁེ་ལས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་བ་ཤུགས་རྒྱག་ས་གཙོ་བོར་བརྩིས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་པའི“གྲུ་རྡོ”ཡག་པོ་བྱེད་རྒྱུ་ནི་བྱང་ཤར་གྱི་འགན་འཁྲི་ཨང་དང་པོ་རེད། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མངོན་འགྱུར་ཡོང་བའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་སྟེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་མཁོ་སྤྲོད་འདང་ངེས་ཐུབ་པར་འགན་ལེན་གྱིས་དམིགས་བསལ་གནས་ཚུལ་འོག་གོ་ཆོད་པ་དང་བློས་འགེལ་ཐུབ་པར་བྱེད་དགོས། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་དང་ལས་སྣོན་ཞིབ་ཚགས་བྱེད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་འཁོར་འབྲེལ་རིང་དུ་གཏོང་བ། རིན་ཐང་འཁོར་འབྲེལ་གྱི་སྤུས་ཚད་ལེགས་སུ་གཏོང་བ། ཞིང་ལས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་པའི་ཡོང་འབབ་མང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་གང་མགྱོགས་བསྐྲུན་ནས་ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་པའི་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། བྱང་ཤར་ནི་རང་རྒྱལ་གྱིས་བྱང་ཕྱོགས་སུ་སྒོ་མོ་འབྱེད་ཁུལ་གལ་ཆེན་ཞིག་ཡིན་པས། ཨེ་ཤེ་ཡ་བྱང་ཤར་གྱི་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་འབྲེལ་མཐུད་བྱེད་རིང་གི་རང་རྒྱལ་གྱི་འཐབ་ཇུས་གནས་བབ་དང་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། མདུན་གྲལ་གྱི་འདུ་ཤེས་དང་སྒོ་དབྱེའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཤར་རྒྱུད་མཚོ་རྒྱུད་དང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པ་དང་། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་ཤར་གཏོང་དང་རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་འབྲེལ་མཐུད་བྱེད་རིང་ནུས་པ་དེ་བས་ཆེ་བ་འདོན་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། མི་འབོར་གྱི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ་མི་འབོར་སྤུས་ཚད་མཐོ་པོས་མང་དུ་འགྲོ་བར་བརྟེན་ནས་བྱང་ཤར་གྱི་ཕྱོགས་ཡོངས་ཀྱི་དར་རྒྱས་ལ་འདེགས་སྐྱོར་བྱེད་དགོས། ཀུན་ཕན་བུ་བཅོལ་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཁྱིམ་ཚང་གི་བུ་བཙའ་གསོ་སྐྱོང་དང་སློབ་གསོའི་ཁུར་པོ་ཡང་དུ་བཏང་སྟེ་ཕྲུ་གུ་སྐྱེ་ཚད་དང་མི་འབོར་གྱི་གཞི་ཁྱོན་རྒྱུན་འཁྱོངས་འོས་འཚམ་བྱེད་དགོས། རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བྱང་ཤར་གྱི་མཐོ་སློབ་གཉེར་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཡོངས་དང་ལྷག་པར་དུ་ན་གཞོན་རྣམས་ཀྱི་སློབ་གསོ་དང་ལེན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་དང་། འཕྲིན་གཏོང་། ནུས་རྒྱུ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འཆར་འགོད་བཀོད་ཇུས་མགྱོགས་མྱུར་བྱེད་པ་དང་། མཐའ་མཚམས་གྲོང་ཚོ་དང་གྲོང་སྡེའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། འབད་བརྩོན་ཆེན་པོས་ད་ཡོད་ཀྱི་མི་འབོར་གནས་ཐུབ་པ་བཅས་བྱེད་པ་དང་ཆབས་ཅིག མཐའ་མཚམས་ཚོང་དོན་དང་། མཐའ་མཚམས་ཡུལ་སྐོར། ཞིང་ལས་ཐོན་རྫས་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་བཏང་སྟེ། མཐའ་མཚམས་གྲོང་ཁྱེར་དུ་ལས་རིགས་སློབ་གསོའི་སློབ་གླིང་གསར་པ་འཛུགས་པར་རྒྱབ་སྐྱོར་བྱས་ནས། རྫོང་གྲོང་དང་གྲོང་རྡལ་ཆུང་ངུའི་ཐོན་ལས་ཀྱི་ཐེག་ནུས་དང་མི་འབོར་གཅིག་སྡུད་ཀྱི་ནུས་པ་ཆེ་རུ་གཏོང་རོགས་བྱེད་དགོས། དེ་བས་ནུས་པ་ལྡན་པའི་མཐའ་སྲུང་ཁ་གསབ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་གཏོད་དགོས། བྱང་ཤར་རི་འགོག་མཉམ་འབྲེལ་དམག་གི་སྙིང་སྟོབས་དང་། ཏ་ཆིང་གི་སྙིང་སྟོབས(ལྕགས་མིའི་སྙིང་སྟོབས) པེ་ཏ་ཧོང་གི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས། ཏང་ཡོན་དང་ལས་བྱེད་པར་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པར་ཁྲིད་སྟོན་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ནས། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་རང་གཅུན་དང་། སྤྱོད་གཙང་སྲིད་སྐྱོང་། ལས་དོན་གཙང་སྒྲུབ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་བསྒྱུར་ཏེ་ཁྲོམ་རའི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་བྱེད་དགོས། ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བ་གསར་པ་བཙུགས་ཏེ་ཏང་ཡོན་དང་ལས་བྱེད་པས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས། རང་འགུལ་ངང་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས་ལ་སྤྱོད་གཙང་གི་མཐའ་ཚད་ཀྱང་བརྟན་པོར་སྲུང་དགོས། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་ཐབས་ཤེས་སྤྱད་ནས་གནད་དོན་ཐག་གཅོད་དང་། འགལ་བ་སེལ་བ། འབྲེལ་བར་མཐུན་སྦྱོར་བཅས་བྱེད་མཁས་པོ་དང་། ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་གྱི་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ། གཉེར་སྐྱོང་བྱེད་པོར་བརྟན་པོ་དང་། ཁ་གསལ། ཚད་ལྡན། སྔོན་དཔག་ཐུབ་པ་བཅས་ཀྱི་ཁྲིམས་སྐྱོང་གི་ཁོར་ཡུག་གཏོད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་བྱང་ཤར་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་རྩ་བའི་འགན་ལེན་ཞིག་རེད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་དང་གཉིས་པ་འབྲེལ་མཐུད་མཉམ་འགུལ་ལ་དམ་འཛིན་བྱ་རྒྱུར་མཐོང་ཆེན་བྱས་ནས། ཏང་ཀྲུང་དབྱང་གིས་བཏོན་པའི་དམིགས་ཚད་བླང་བྱ་དང་གཙོ་གནད་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། ཏང་ཡོན་དང་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་གདེང་ཚོད་ཆེ་རུ་གཏོང་བ་དང་སྙིང་སྟོབས་འཕེལ་བར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་དར་སྤེལ་ཤུགས་ཆེན་བཏང་ནས། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཚན་རིག་དང་མཐུན་པའི་ངང་ལས་ཀར་ཇུས་འགོད་དང་། གནད་དོན་དངོས་ཐག་གཅོད། ལས་དོན་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། ཏང་ཡོན་དང་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ཏེ་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་དངོས་སྒྲུབ་སྙིང་སྟོབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། འཚོལ་བཤེར་དང་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ཡོན་དང་ལས་བྱེད་པར་ཏང་གཤིས་དང་། ཏང་སྲོལ། ཏང་སྒྲིག་བཅས་ཐད་ཀྱི་གནད་དོན་ལ་མཐོང་ཆེན་དང་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། སྲོལ་གསར་སྤྱོད་བཟང་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་འཕེལ་རྒྱས་ཀྱི་གདེང་ཚོད་འཕེལ་བར་བྱེད་དགོས།
མཇུག་ཏུ་ཞི་ཅིན་ཕིང་གིས། འབྲུབ་དུས་ཤར་ཚུན། བྱང་ཤར་གྱི་ས་ཆ་ཁ་ཤས་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་ཡོད། ཏང་ཀྲུང་དབྱང་གིས་འབྲུབ་འགོག་གེགས་སེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། བྱང་ཤར་གྱི་ཞིང་ཆེན་གསུམ་དང་ནང་སོག་གི་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་དང་གནོད་འཚེ་ཕོག་ཁུལ་གྱི་སློབ་མ་སློབ་གྲྭར་སྐྱོད་ཐུབ་པའི་འགན་ལེན་བྱས་ནས། གནོད་འཚེ་ཕོག་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པར་བྱེད་རྒྱུའི་རེ་བ་ཡོད། སྟོན་ཁ་འབྲུབ་ཆུ་རྒྱས་པར་དོགས་ཟོན་ཆེན་པོ་བྱས་ཏེ། ཉེན་སེལ་གེགས་སེལ་གྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ནས་མ་བྱུང་སྔོན་འགོག་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།