མཚོ་སྔོན་གྱིས་བཟའ་བཅའ་སྨན་རྫས་དང་ཁོར་ཡུག་ཁྱབ་ཁོངས་ཀྱི་དཔེ་མཚོན་གྱོད་དཔེ་ཁག་5ཁྱབ་བསྒྲགས་བྱས་པ།
བཟའ་བཅའ་སྨན་རྫས་དང་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས“ཁུ་ནུ་2023ལོའི”ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས་ཁྱབ་ཁོངས་དེའི་དཔེ་མཚོན་གྱོད་དཔེ་5ཁྱབ་བསྒྲགས་བྱས་པ་སྟེ།
ཅིང་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་ཆུའི་ཐོན་རྫས་བཟུང་བའམ་བཏོན་པའི་གྱོད་གཞི། 2021ལོའི་ཟླ་4ནས་ཟླ་9པའི་བར་ཞུ་སྦྱོར་ཕྱི་མ་ཅིང་ཆེ་གེ་མོ་དང་། ཨན་ཆེ་གེ་མོ། ཨན་ཆེ་གེ་མོ་1 ལི་ཆེ་གེ་མོ་བཅས་མི་བཞིས་སྔ་རྗེས་སུ་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་བདའ་བཞི་རྫོང་དང་རྐང་ཚ་རྫོང་ནས་ཁྲིམས་འགལ་ངང་ཙོང་ཉ་ཐེངས་གཉིས་བཟུང་བར་ཁྱོན་སྤྱི་རྒྱ་1316ཡོད་པ་རེད། ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་འགལ་ངང་ཆུའི་ཐོན་རྫས་བཟུང་བའི་ཉེས་པ་བསགས་པར་གཞིགས་ནས་ཅིང་ཆེ་གེ་མོ་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་བཅུ་བྱས་པ་དང་། སྐྱེ་ཁམས་ཉམས་གསོའི་འགྲོ་གྲོན་སྒོར་131418སྤྲོད་དུ་བཅུག་པ་མ་ཟད། ཞིང་ཆེན་རིམ་པའི་གསར་འགྱུར་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་ངང་དགོངས་སེལ་ཞུ་རུ་བཅུག་ཡོད། ཨན་ཆེ་གེ་མོ་དང་། ཨན་ཆེ་གེ་མོ་1 ལི་ཆེ་གེ་མོ་བཅས་ལ་དུས་བཀག་བཙོན་འཇུག་ཟླ་བ་བཅུའི་ཉེས་ཆད་བཅད་པ་དང་དེའི་ནང་ནས་ལི་ཆེ་གེ་མོར་ཉེས་ཆད་ཕྱིར་འགྱངས་ལོ་གཅིག་བྱས་པ་རེད། དེ་དང་ཆབས་ཅིག་ཞུ་སྦྱོར་ཕྱི་མ་ཅིང་ཆེ་གེ་མོ་དང་། ཨན་ཆེ་གེ་མོ། ཨན་ཆེ་གེ་མོ་1 ལི་ཆེ་གེ་མོ་བཅས་མི་བཞི་པོར་མཉམ་དུ་སྐྱེ་ཁམས་ཉམས་གསོའི་གྲོན་དངུལ་སྒོར་126518སྤྲོད་དགོས་པའི་བླང་བྱའང་བཏོན་ཡོད།
ལིའུ་ཆེ་གེ་མོས་རྩ་ཆེའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་གྱོད་གཞི། 2022ལོའི་ཟླ་5པར་ཞུ་སྦྱོར་ཕྱི་མ་ལིའུ་ཆེ་གེ་མོས་སྔ་རྗེས་སུ་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་ཉེ་འགྲམ་གྱི་ནགས་ཁྲོད་དུ་རང་གི་བཟོས་པའི་རྔོན་རྒྱག་ཡོ་བྱད་སྒྲིག་སྦྱོར་ཐེངས་གཉིས་བྱས་ཏེ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་གནའ་བ་3རྔོན་བརྒྱབ་པ་དག་རང་ཉིད་ཀྱིས་ཟས་པ་རེད། གསལ་འབྱེད་བྱས་པ་བརྒྱུད་གནའ་བ་རེའི་དཔལ་འབྱོར་རིན་ཐང་སྒོར་25000ཡིན་པ་རེད། རྨ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་རྩ་ཆེའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་ཉེས་པར་གཞིགས་ནས་ཞུ་སྦྱོར་ཕྱི་མ་ལིའུ་ཆེ་གེ་མོ་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་དྲུག་བྱས་པ་དང་ཉེས་ཆད་ཕྱིར་འགྱངས་ལོ་གཉིས་བྱས་པ་མ་ཟད། དངུལ་ཆད་སྒོར་15000བཅད་པ་རེད།
དབྱང་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ཚོང་གཉེར་བྱས་པའི་གྱོད་གཞི། 2015ནས་2019ལོའི་བར་ཞུ་སྦྱོར་ཕྱི་མ་དབྱང་ཆེ་གེ་མོར《སྨན་རྫས་ཚོང་གཉེར་ཆོག་འཐུས་ལག་ཁྱེར》མ་རག་པའི་གནས་ཚུལ་འོག་ཞིང་ཆེན་གཞན་གྱི་ཀྲུང་ལུགས་སྨན་རྫས་ཁྲོམ་ར་ཞིག་ནས་ཀྲུང་ལུགས་སྨན་རྫས་སྣ་ཚོགས་ཉོས་ཏེ་དབྱང་ཆེ་གེ་མོ་1གླས་ནས་ཐུམ་བརྒྱབ་པ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱི་སྨན་བཅོས་ཚན་པ་ཁག་ལ་སྡེབ་སྐྱེལ་བྱས་ཏེ་དེའི་ཁྲོད་ནས་ཁེ་བཟང་རག་ཐབས་བྱས་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞི་དང་འབྲེལ་བའི་ཀྲུང་ལུགས་ཀྱི་འཐུང་སྨན་སྣ་ཁ་436རྩད་ཆོད་པར་ལྗིད་ཚད་བསྡོམས་ཏུན་10.8ཟིན་ཡོད་པ་རེད། རིན་གོང་བདེན་དཔང་ར་སྤྲོད་ལྟེ་གནས་ཀྱིས་ངོས་འཛིན་བྱས་པ་བརྒྱུད། ཀྲུང་ལུགས་ཀྱི་འཐུང་སྨན་དེའི་རིན་གོང་མི་དམངས་ཤོག་སྒོར་1388194.43ཟིན་ཡོད་པ་རེད། གོར་མོ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་ཁྲིམས་འགལ་ཚོང་གཉེར་གྱི་ཉེས་པ་བསགས་པར་གཞིགས་ཏེ་ཞུ་སྦྱོར་ཕྱི་མ་དབྱང་ཆེ་གེ་མོ་དུས་བཀག་བཙོན་འཇུག་ལོ་ལྔ་དང་ཟླ་བ་དྲུག་དང་དངུལ་ཆད་སྒོར་ཁྲི་28གཏོང་རྒྱུའི་ཁྲིམས་ཐག་བཅད་པ་དང་། ཞུ་སྦྱོར་ཕྱི་མ་དབྱང་ཆེ་གེ་མོ་1དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་དྲུག་བྱ་རྒྱུ་དང་དངུལ་ཆད་སྒོར་ཁྲི་28བཅད་ཡོད།
དཔེ་མཚོན་གྱོད་གཞི་གཞན་གཉིས་ནི། ཁྲེན་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་འབར་རྫས་བཟོ་བ་དང་ཉར་ཚགས་བྱེད་པ་དང་ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་བྱས་པའི་གྱོད་གཞི་དང་། ཅིས་ཆེ་གེ་མོས་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའི་ཟས་རིགས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་གྱོད་གཞི་རེད།