མཚོ་སྔོན་ཞིང་ཆེན་པད་མ་རྫོང་གིས།
“བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚོ”བཅོས་སྐྱོང་གི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་པད་མ་རྫོང་གིས“ཆེ་ཤོས་གསུམ”གྱི་ཞིང་འབབ་ལ་གཞི་ཚུགས་ནས“སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི”འགན་འཁྲི་ཕྲག་ཏུ་འཁུར་བ་དང་པད་མའི་འགན་སེམས་མངོན་པར་བྱས་ཏེ། “འགན་འཁྲིའི་སྦྲེལ་ཐག”ནན་དུ་གཏོང་བ་དང་། “ལྟ་འདོམས་སྦྲེལ་ཐག”དམ་དུ་གཏོང་བ། “བཅོས་སྐྱོང་སྦྲེལ་ཐག”བརྟན་དུ་གཏོང་བ། “དྲིལ་བསྒྲགས་སྦྲེལ་ཐག”གསར་དུ་གཏོད་པ་བཅས་ལ་རྒྱུན་མཐུད་ཤུགས་བརྒྱབ་ནས། ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་། ཆུ་རྒྱུད་དང་ཆུ་ངོགས་དོ་དམ། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་སོགས་གཙང་པོ་དང་མཚོའི་དོ་དམ་སྲུང་སྐྱོང་ལས་དོན་ཧུར་ཐག་སྤེལ་བ་དང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་མིང་ཙམ་ནས་དངོས་སུ་སྒྲུབ་མཁན་ལ་འགྱུར་བར་སྐུལ་འདེད་བཏང་བ། རྫོང་ཡོངས་ཀྱི་གཙང་པོ་དང་མཚོའི་ཆུ་སྤུས་བརྟན་པོའི་ངང་ལེགས་སུ་བཏང་བ། གཙང་པོ་དང་མཚོའི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས། ཆུའི་ཁོར་ཡུག་དང་ཆུའི་སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད་པ་རེད།
མིག་སྔར་པད་མ་རྫོང་གི་ཆུ་དཔོན་མཚོ་དཔོན་ལམ་ལུགས་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་མཉམ་འགུལ་ལམ་སྲོལ་བཙུགས་ནས་རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྐུལ་འདེད། རིམ་པ་གཅིག་གིས་རིམ་པ་གཅིག་ལ་ལྟ་སྐུལ་བཅས་ཀྱི་ལས་དོན་གྱི་རྣམ་པ་ཞིག་ཆགས་ནས་གཙང་པོ་དང་ཆུ་ཁོངས་ཚང་མར་དོ་དམ་བྱེད་མཁན་དང་སྲུང་སྐྱོང་བྱེད་མཁན་ཡོད་པའི་འགན་ལེན་བྱུང་བ་རེད།