དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • དགེ་རྒན་དུས་ཆེན་འཆར་ཉེའི་མཚམས་སུ་སློབ་ཕྲུག་ཚོས་དགེ་རྒན་གྱི་བཀའ་དྲིན་སྙིང་དབུས་ནས་ཚོར་བ།

    “ཁྱེད་ནི་སྒྲོན་མེ་ལྟར་ངའི་མ་རིག་མུན་པ་སེལ་བྱུང”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-10

    “རྒན་ལགས་སྐུ་ལས་ཁག་སོང་། ཁྱེད་ལ་ཤེས་བྱ་ཡོན་ཏན་ལྡན་པ་མ་ཟད་ད་དུང་ཨ་མ་ལྟར་ངར་སྐྲ་ཤད་རོགས་དང་གོས་འཁྲུ་རོགས་གནང་བྱུང་བས་ང་ཁྱེད་ལ་ཧ་ཅང་དགའ”

    “རྒན་ལགས་ང་ཁྱེད་ལ་དགའ། ང་རང་ནམ་ཡང་ཁྱེད་ཀྱི་སློབ་མ་བྱེད་འདོད་འདུག”ཅེས་པ་ལ་སོགས་ཟླ་9པའི་ཟླ་འགོར་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་སློབ་ཆུང་གཉིས་པའི་ལོ་རིམ་གཉིས་པའི་འཛིན་གྲྭའི་ཀྲུའུ་རེན་པད་མ་སྒྲོལ་མར་ཕྲུ་གུ་ཚོས་ཕུལ་བའི་དགེ་རྒན་དུས་ཆེན་གྱི་ལག་རྟགས་ཏེ་ལག་ཤེས་རྟེན་འབྲེལ་ཤོག་བྱང་མང་པོ་འབྱོར་ཡོད།

    རྟེན་འབྲེལ་ཤོག་བྱང་སྟབས་བདེ་མོད། འོན་ཀྱང་དེ་དག་ལས་ཕྲུ་གུ་ཚོའི་ལྷད་མེད་ཀྱི་བརྩེ་དུང་དང་འདུན་པ་མཚོན་ཡོད།

    པད་མ་སྒྲོལ་མས་གསར་འགོད་པར“ང་སློབ་མ་ཚོར་ཧ་ཅང་དགའ་པོ་ཡོད། ཁོང་ཚོ་ནི་གྲུང་ཤ་དོད་ལ་གཅེས་པར་འོས་པ་དང་། སློབ་ལ་བརྩོན་པས་རང་ཉིད་ཀྱི་ཕྲུ་གུ་ལྟར་བརྩི་གི་ཡོད”ཅེས་བཤད།

    ཕྲུ་གུ་ཚོས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད་ཕུལ་བའི་རྟེན་འབྲེལ་ཤོག་བྱང་བསྡུ་གསོག་ཡག་པོ་བརྒྱབ་རྗེས་པད་མ་སྒྲོལ་མས་སླར་ཡང་ཉིན་གང་གི་ལས་ལ་བྲེལ་འགོ་ཚུགས་པ་དང་ཁོང་གིས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རེ་བྱེད་ཀྱི་ཡོད།

    དགེ་རྒན་གྱི་བཀའ་དྲིན་ཆེན་པོ་ནམ་ཡང་སྙིང་དབུས་སུ་བཅངས་ཤིང་། འདི་ལོའི་དགེ་རྒན་དུས་ཆེན་ནི་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་ལོ་རིམ་གསུམ་པའི་སློབ་མ་ཚོའི་ངོས་ནས་བཤད་ན་སྤྱིར་བཏང་ཞིག་གཏན་ནས་མིན་པ་དང་ཉིན་མཚན་ཆིག་སྟོང་ལྷག་ཙམ་མཉམ་དུ་འགྲོགས་ནས་སློབ་གཉེར་བྱས་རྗེས་འབྲས་བུ་སྨིན་ཉེར་ཡོད་པ་དང་དུས་མཚུངས་ཁ་བྲལ་ཉེར་ཡང་ཡོད།

    “ཁྱེད་ནི་ཆར་རྗེས་ཀྱི་དྲོ་འཇམ་ཉི་འོད་བཞིན་ངེད་ཚོའི་འཚར་ལོངས་ཆེད་འཚོ་བཅུད་འཛད་མེད་སྦྱིན་གནང་བྱུང”ཞེས་སྦྱོང་ཚན་དེབ་ཐོག་ཏུ་པད་མ་བདེ་སྐྱིད་ཀྱིས་རང་ཉིད་ཀྱི་སྨོན་འདུན་བཟང་པོ་མཚོན་པར་བྱས།

    “གུས་ཤིང་བརྩེ་བའི་རྒན་ལགས། སྒྲོན་མེ་རེ་རེ་ལས་འོད་སྣང་རེ་རེ་བཞིན་འཕྲོ་བ་ལྟར་ཁྱེད་ཀྱིས་སྒྲོན་མེ་ལྟར་ངའི་སློབ་སྦྱོང་དང་འཚོ་བར་ལམ་སྟོན་གནང་བྱུང་། སྐུ་ཉིད་དུས་ཆེན་སྤྲོ་པོ་ཡོང་བར་སྨོན”ལོ་གསུམ་རིང་མཐོ་རིམ་ལོ་རིམ་གསུམ་པའི་འཛིན་གྲྭ་12པའི་སློབ་མ་བདེ་སྐྱིད་སྒྲོལ་དཀར་དང་རྒན་ལགས་དབར་དགོད་བྲོ་བའི་གནས་ཚུལ་མང་པོ་མཉམ་སྤྱོད་བྱེད་མྱོང་ལ་ཁོང་གི་ངོས་ནས་བཤད་ན་རྒན་ལགས་ནི་གྲོགས་པོ་ཞིག་དང་འདྲ་བར་རྣམ་ཀུན་ཁོང་གི་སེམས་གཏམ་ཉན་འདོད་བྱེད་ལ་སློབ་སྦྱོང་དང་འཚར་ལོངས་སྐབས་མཉམ་དུ་འགྲོགས་འདོད་བྱེད་ཀྱི་ཡོད་པ་རེད།

    “དེས་ན་དགེ་རྒན་དུས་ཆེན་ཁོ་ན་མིན་པར་སློབ་གྲྭར་སྡོད་རིང་ནི་བདེ་སྐྱིད་ལྡན་པ་ཞིག་རེད”སློབ་མ་ཚོས་ཕུལ་བའི་ཤོག་བྱང་རེ་རེ་བཞིན་ལ་ལྟ་བཞིན་དུ་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་དགེ་རྒན་ཀྲང་ཁུན་ལགས་ཀྱི་མིག་ཟུང་མཆི་མས་བརླན་ཞིང་། “སློབ་གྲྭའི་ནང་འགྲོ་སྐབས་ལོ་རིམ་མི་འདྲ་བ་དང་འཛིན་གྲྭ་མི་འདྲ་བའི་སློབ་མའི་རྒན་ལགས་སྐུ་ཁམས་བཟང་ཞེས་པའི་འཚམས་འདྲིའི་སྐད་ཆ་རྟག་ཏུ་ཐོས་རྒྱུ་ཡོད་པ་དང་། དགོང་མོའི་རང་སྦྱོང་གྲོལ་རྗེས་མཚན་མོའི་ཆུ་ཚོད་བཅུ་པ་ལྷག་ཙམ་ཟིན་མོད། སློབ་མ་ཚོ་ངལ་དུབ་ཀྱིས་མནར་རུང་ད་དུང་རྒན་ལགས་ཐུགས་རྗེ་ཆེ་རྒན་ལགས་སྐུ་ཐང་མཉེལ་སོང་ཞེས་ཤོད་པ། དབྱར་གསེང་ནས་ལོག་སླེབས་པའི་སློབ་མ་ཚོས་དགའ་ཚོར་ཆེན་པོས་གུང་གསེང་རིང་གི་མཐོང་ཐོས་ཤོད་བཞིན་འོ་མ་བྱི་རིལ་སྤྲོད་པ་ལ་སོགས་པའི་རྣམ་པ་དེ་དག་ལས་སེམས་ནང་དྲོ་སྐྱིད་ཆེན་པོ་ཚོར་བཞིན་མཆིས”

    བོད་ཀྱི་མཐོ་སློབ་དགེ་རྒན་ཞིག་ཡིན་པའི་ངོས་ནས་བོད་ལྗོངས་མི་རིགས་སློབ་ཆེན་སློབ་གསོ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལིའུ་ཧའེ་ཧུང་གིས་དགེ་རྒན་དུས་ཆེན་སྐབས་སེམས་ནང་དྲོ་སོབ་སོབ་ཀྱི་སྣང་བ་ཆེན་པོ་ཚོར་ཞིང་། དེ་ཉིན་སློབ་མ་ཚོས་སྔ་པོ་ནས་གཞུང་སྒྲུབ་སྒྲོག་ཙེའི་སྟེང་གདན་ཞུའི་ཤོག་བྱང་བཞག་ནས་ཁོང་འཛིན་གྲྭའི་ནང་མགྲོན་པོར་གདན་དྲངས་ཏེ་དགེ་རྒན་དུས་ཆེན་མཉམ་རོལ་བྱ་རྒྱུར་སྒུག དཀར་གཙང་མཇལ་དར་རེ་རེ་བཞིན་དང་། ཤ་ཚའི་སྨོན་ཚིག་རེ་རེ་བཞིན། ལྟད་མོ་ཆེ་བའི་འཁྲབ་ཚན་རེ་རེ་བཞིན་བཅས་ལས་དགེ་རྒན་དུས་ཆེན་ལ་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་སྦྱིན།

    “སྐད་འཕྲིན་ནང་སློབ་གྲྭ་ཐོན་པའི་སློབ་མས་རྒྱལ་ཡོངས་ས་ཆ་ཁག་ནས་སྨོན་ཚིག་བསྐུར་བ་དང་འཚམས་འདྲི་རེ་རེ་བཞིན་དང་། རྟེན་འབྲེལ་ཤོག་བྱང་རེ་རེ་བཞིན། མེ་ཏོག་ཁང་ནེ་ཤིན་ཆུན་པོ་གཅིག་བཅས་སློབ་མའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་ལས་ངར་དྲོ་སྐྱིད་ཆེན་པོ་ཚོར་བྱུང་ལ་རང་ཉིད་ཀྱིས་མི་སྣ་གསོ་སྦྱོང་གི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་མའང་ཐེབས་བྱུང”ཞེས་ལིའུ་ཧའེ་ཧུང་གིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།