ཉི་འོད་གྲོང་ཁྱེར་དུ་བདེ་སྐྱིད་ཀྱི་རྣམ་པས་ཁེངས་པ།
—— ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
ལྷ་ས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། རང་རྟོགས་ངང་ལྷ་སའི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ཁྲོད་བཞག་ནས་ཞིབ་འཇུག་བསམ་གཞིག ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྤྱི་ཡོངས་བཀོད་སྒྲིག་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞིར”དམིགས་པ། “སྣེ་ཁྲིད་དམག་བདུན”ཡག་པོ་བྱེད་པར་གཞིགས་པ། “ལྟེ་བ་སྟོབས་ཆེར་གཏོང་བའི”འཐབ་ཇུས་དམ་འཛིན་བྱ་གཞིར་བརྩི་བ་དང“བྱ་སྤྱོད་ཆེན་པོ་བདུན”འདེགས་སྐྱོར་དུ་བྱེད་པའི“1+7”ཡི་ལག་བསྟར་མ་ལག་ཕྱོགས་ཡོངས་ནས་དོན་འཁྱོལ། ལྟེ་བའི་གྲོང་ཁྱེར་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱས་ཡོད།
“ལྗང་མདོག་དཔལ་འབྱོར”ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན།
སྟག་རྩེ་བཟོ་ལས་གླིང་ཁུལ་དུ་གནས་པའི་བོད་ལྗོངས་དཔྱིད་འོད་བཟའ་བཅའ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་བསྟུན་ཏེ་བྲོ་ཞིམ་ནས་ཀྱི་བཟའ་བཅའ་ལས་ཕྱོད་ཆེན་པོས་བཟོ་བཞིན་ཡོད་པ་དང་ནས་ཀྱི་དྲི་ཞིམ་འཐུལ་བཞིན་འདུག
ཀུང་སི་དེས་བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་གཙོ་བོ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། ད་ལྟ་བྲོ་ཞིམ་ནས་ཀྱི་བཟའ་བཅའ་སོགས་ཐོན་རྫས་20ལྷག་ཙམ་ཐོན་སྐྱེད་བྱས་པ་དང་། ལོ་རེར་ཕྱིར་ཚོང་བྱེད་ཚད་ཏུན་900ལྷག་ཙམ་ཟིན་ནས་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་1000ལྷག་ཙམ་ཟིན་གྱི་ཡོད།
བོད་ལྗོངས་དཔྱིད་འོད་བཟའ་བཅའ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་དང་བྲིན་ཚོང་གཉིས་ཀ་ཡག་པོ་ཡོད་པའི་རྣམ་པ་དེ་ལྷ་ས་གྲོང་ཁྱེར་གྱི་ལྗང་མདོག་བཟོ་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཕྱིན་པའི་མཚོན་ཚུལ་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཡོད། གཞི་རྟེན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་གཅིག་སྡུད་ལ་སྐུལ་འདེད་བཏང་ཡོད། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ལེགས་ཆའི་ཐོན་ལས་སྐྱེད་སྲིང་བྱས་ཡོད། ཁེ་ལས་ལ་ཕན་པའི་སྲིད་ཇུས་བཏོན་ནས་ཁོར་ཡུག་བཟང་པོ་བསྐྲུན་ཡོད། སྦྲེལ་ཟམ་བཙུགས་ནས་ཐོན་ལས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཟིགས་སྐྱོང་སྲིད་ཇུས་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་སྔོན་དུ་ལྗང་མདོག་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་བཏང་བ་བརྒྱུད། བཟོ་ལས་འཕེལ་རྒྱས་མྱུར་པོ་དང་། བཟོ་ལས་ལྗང་མདོག་ཅན་གྱི་ཚད་གཞི་མཐོ་བ། ས་མཐོའི་ཁྱད་ལྡན་སྤུས་རྟགས་ལེགས་པ་སོགས་ཀྱི་ཁྱད་ཆོས་མངོན་ཡོད།
ལྗང་མདོག་དེ་ཉིད་ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཞིང་། 2022ལོར་ལྷ་ས་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་200ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར་213ཟིན་པ་དེ་དུས་མཚུངས་ལས་21.8%འཕར་ཡོད། 2023ལོའི་དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་གི་དམིགས་ཚད་ཁག་གཉིས་ཚང་མ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ལྗང་མདོག་བཟོ་ལས་ཁྱབ་ཁོངས་སུ་གསར་དུ་ལས་འགོ་ཚུགས་པར་སྒོར་ཁྲི་སྟོང་ཡན་གྱི་རྣམ་གྲངས་23ཡོད་པར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་56.3ཟིན་ཡོད།
མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རིམ་བཞིན་འཕར་བ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་དམངས་ཕན་གོང་ཁེའི་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་རྣམ་གྲངས་ལག་ལེན་བསྟར་ནས་ཟོག་གོང་ཞིང་ཟོག་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་ལས་10%ནས་30%བར་གྱིས་ཁེ་བའི་སྔོ་ཚལ་གྲོང་ཁུལ་རྙིང་པ་དང་ཁང་གླ་ཁེ་བའི་སྡོད་ཁང་དུ་སྡོད་མཁན་གྲོང་མིའི་སྒོ་འགྲམ་དུ་བཙོངས་པར་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།
དམངས་ཀྱི་དགོས་མཁོ་སྐོང་ཆེད་ནུས་ཤུགས་བཏོན་ཞིང་། 2022ལོ་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་བྱས་པའི་རྗེས་དང་། འདྲུད་པའི་ཤུལ་ཡོད་པའི་སྙིང་སྟོབས་ལ་བརྟེན་ནས་དམངས་འཚོའི་བྱ་བ་དངོས་ཚང་མ་ཡག་པོ་བསྒྲུབས་ཏེ་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཚང་མར་བརྡ་ལན་ཡོད་པ་དང་དོན་དག་ཚང་མ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད། རང་སྐྱོང་ལྗོངས་ཀྱི“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་ཡག་པོ་བསྟར་བ་དང་། སྡོད་ཁང་སྐྱོ་ཁུལ་5དང་ཁུལ་ཆུང་རྙིང་པ་12སྒྱུར་བཀོད་ལེགས་སྒྲུབ་བྱས་པ། རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་14བསྐྲུན་པ། བདེ་ཐང་ལྷ་སར་སྐུལ་འདེད་གཏིང་ཟབ་བཏང་བ་སོགས་དམངས་ཕན་བྱེད་ཐབས་རིམ་པ་བཞིན་དོན་འཁྱོལ་བྱས་པ་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
ལས་ཞུགས་ནི་དམངས་འཚོའི་འདུ་འགོད་དང་། དམངས་སེམས་ཀྱི་འདུ་འགོད། གཞི་རྩའི་འདུ་འགོད་བཅས་ཆེ་ཤོས་ཡིན་ཞིང་། 2022ལོར་རིམས་ནད་ཀྱི་ཤུགས་རྐྱེན་གྱི་མདུན་དུ་ལྷ་ས་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྤེལ་སྐབས་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་དཀའ་གནད་བསལ་བ་དང་བྱ་ཐབས་ཞིབ་ཚགས་ལ་བརྟེན་ནས་ནུས་པ་བཏོན་པས། གྲོང་ཁྱེར་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐེངས་དང་པོ་ཐུབ་ཚད་96.8%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་པའི་མི་ཁྲི་1.355མང་དུ་ཕྱིན་ནས་ལས་ཞུགས་ཀྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱུང་ཡོད། 2023ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་དབུལ་སྒྲོལ་མི་འབོར་ཕྱིར་གླ་པར་སྐྱོད་མཁན་ཁྲི་2ཙམ་ཟིན་ནས་ལོ་འཁོར་གྱི་ལས་འགན་གྱི་103%ལེགས་གྲུབ་ཟིན་པ་དང་། དམངས་འཚོའི་བྱ་བ་དངོས་18གོ་རིམ་ལྡན་པའི་ངང་སྤེལ་ནས། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་ལྷ་སའི་སློབ་གྲྭ་སོགས་རྣམ་གྲངས་མགྱོགས་མྱུར་བསྐྲུན་པ། རྫོང(ཆུས)ཁག་གི་སྨན་ཁང་སྒྱུར་བའི་ཐོགས་མེད་བགྲོད་ལམ་དངོས་སུ་ཤར་གཏོང་ཐུབ་ནས་འགན་བཅོལ་ལ་ཞུགས་མཁན་མི་ཁྲི་67ལྷག་ཙམ་ཟིན་པ་དང་མ་མཐའི་འཚོ་བ་འགན་ལེན་དང་རོགས་སྐྱོབ་དང་དེ་བཞིན་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་ཁྲི་4327.34སྤྲད་པ་སོགས་དམངས་འདོད་དང་མཐུན་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བ་རེ་རེ་བསྒྲུབས་པ་ལས་ལྷ་སའི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད།
སྐྱེ་ཁམས་ཀྱི་ལས་དོན་རིམ་བཞིན་ཡག་པོ་བསྒྲུབས་པ།
ལྷ་ས་གྲོང་ཁྱེར་ལ“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ་དང་། འདམ་གཞུང་རྫོང་དང་། སྟོད་ལུང་བདེ་ཆེན་ཆུས། ཆུ་ཤུར་རྫོང་བཅས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང(ཆུས)ལ་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་ཐུབ་པ། སྣེའུ་ཁུལ་གསར་སྟག་གདོང་གྲོང་ཚོ“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག”པའི་ལག་ལེན་གསར་གཏོད་ཀྱི་རྟེན་གཞིར་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་ཐུབ་ཡོད། 2023ལོར་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས《2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྱི་མིང་འདོགས་རྩིས་ཡོད་པའི་མིང་ཐོའི་སྐོར་གྱི་སྤྱི་བསྒྲགས》(ཁག་གཉིས་པ)ཡོངས་བསྒྲགས་བྱས་པ་དང་། ལྷ་སའི་རྫོང་2དང་། ཤང(གྲོང་རྡལ)28 གྲོང་ཚོ(གྲོང་ལྷན)106བཅས་མིང་ཐོའི་ནང་ཚུད་ཡོད།
གྲངས་གཞི་ལས་མངོན་པར། 2022ལོར་ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པས་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99.7%ཟིན་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་ཁྲོད་ཨང་དང་པོར་སླེབས་ཡོད། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་བྱུང་ནས་ཁྱབ་འགྱེད་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ཡག་པོ་བྱུང་ཡོད།
དེ་དང་དུས་མཚུངས་2022ལོར་ལྷ་ས་གྲོང་ཁྱེར་གྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཞི་ཁྱོན་ཆེན་པོས་སྤེལ་ནས་“འགྲམ་བཞིའི”ཤིང་འཛུགས་དང་གནམ་གྲུས་སོན་གཏོར་ནགས་བཟོའི་ལས་དོན་ལ་སྐུལ་འདེད་བཏང་ནས་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་55.87ཟིན་པ་དང་། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གནད་དོན་དང་དེ་བཞིན་ནགས་ཚལ་ལྟ་བཤེར་དག་ཐེར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།