དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་ཧེ་ལུང་ཅང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

    ཚའེ་ཆི་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-10

    ཟླ་9ཚེས་6ཉིན་ནས་ཚེས་8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་བ་རེད། འདི་ནི་ཚེས་7ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཆུ་ལོག་གི་གནོད་འཚེ་ཕོག་པའི་ཧར་པིན་ཧྲང་ཀྲི་གྲོང་ཁྱེར་ལའོ་ཅེ་ཅི་ཤང་ལུང་ཝང་མེའོ་གྲོང་ཚོར་ས་གནས་དེ་གའི་གྲོང་མི་དང་ཨར་ལས་མི་སྣ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

    ཟླ་9ཚེས་6ཉིན་ནས་ཚེས་8ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་6ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ཏ་ཤིང་ཨན་ལིང་ས་ཁུལ་མོ་ཧོ་གྲོང་ཁྱེར་པེ་ཅི་གྲོང་ཚོར་རྟོག་ཞིབ་གནང་སྐབས་ས་གནས་དེ་གའི་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་ཞུ་བཞིན་པ།

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཨང་དང་པོ་དམ་འཛིན་བྱེད་པ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པ། དགེ་སྤེལ་སྐྱོན་སྤོང་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆ་དང་། སྐྱེ་ཁམས་ཀྱི་ལེགས་ཆ། ཚན་ཞིབ་ཀྱི་ལེགས་ཆ། ཐོན་ལས་ཀྱི་ལེགས་ཆ། ས་བབ་ཀྱི་ལེགས་ཆ་བཅས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པར་སྒྱུར་བ་བྱེད་པ། རྒྱལ་ཁབ་ཀྱི་ཚོང་འབྲུ་ཐོན་སྐྱེད་རྟེན་གཞི་གལ་ཆེན་དང་། སྒྲིག་ཆས་ལྕི་རིགས་ཐོན་སྐྱེད་དང་བཟོ་སྐྲུན་རྟེན་གཞི། ནུས་རྒྱུ་གལ་ཆེན་དང་མ་བཅོས་རྒྱུ་ཆའི་རྟེན་གཞི། བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད། བྱང་ཕྱོགས་སུ་མཐོ་ས་གསར་པ་སྒོ་དབྱེ་བཅས་འཛུགས་སྐྲུན་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་རྒྱལ་སྲུང་བདེ་འཇགས་དང་། འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས། ནུས་རྒྱུ་བདེ་འཇགས། ཐོན་ལས་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ཁྲོད་རང་འགན་གཙང་སྒྲུབ་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་དང་ཕྱོགས་ཀུན་ནས་དར་རྒྱས་ཡོང་བའི་ཁྲོད་ཧེ་ལུང་ཅང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཟླ་9ཚེས་6ཉིན་ནས་ཚེས་8ཉིན་བར། ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཆིན་དང་ཧྲེང་ཀྲང་ལེའང་ཧུའེ་ལིང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་ཏ་ཤིང་ཨན་ལིང་དང་ཧར་པིན་སོགས་ས་ཆར་ཕེབས་ཏེ་ནགས་ར་དང་། གྲོང་གསེབ། མཐོ་སློབ་སོགས་སུ་བརྟག་ཞིབ་གནང་བ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།

    ཚེས་6ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཏ་ཤིང་ཨན་ལིང་ས་ཁུལ་མོ་ཧོ་གྲོང་ཁྱེར་དུ་ཕེབས་ནས་མོ་ཧོ་ནགས་རའི་རང་བྱུང་ནགས་ཁུལ་ལ་རྟོག་ཞིབ་གནང་བ་དང་རང་བྱུང་ནགས་ཚལ་གྱི་སྐྱེ་འཚར་རྣམ་པ་དང་ནགས་གསེབ་སྐྱེ་དངོས་འགྲེམས་སྟོན་ལ་ལྟ་ཞིབ་གནང་སྟེ། ས་གནས་དེ་གའི་ནགས་ཚལ་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་སྒྱུར་བཅོས་ཟབ་གཏོང་དང་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་ལ་སྐུལ་འདེད་གཏོང་བ་དང་དེ་བཞིན་ནགས་ཚལ་མེ་ཟོན་མེ་གསོད་ལ་ཤུགས་སྣོན་བརྒྱབ་པའི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས་ནགས་བཟོ་དང་ནགས་སྲུང་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་ཆུ་མ་ཤོར་གོང་ནས་རགས་བརྒྱབ་སྟེ་ལོ་བཅུ་ཕྲག་ཁ་ཤས་དང་། ལོ་ངོ་བརྒྱ་ཕྲག་ཁ་ཤས། ལོ་ངོ་སྟོང་ཕྲག་ཁ་ཤས་བཅས་ཀྱི་བྱས་རྗེས་ཡུད་ཙམ་ཞིག་ལ་བརླག་ཏུ་འཇུག་རྒྱུ་མེད་ཅེས་གསུངས་པ་རེད།

    དེ་རྗེས། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་རང་རྒྱལ་གྱི་སྐམ་སའི་བྱང་སྣེའི་མཐའ་མཚམས་ཀྱི་ལིན་ཅང་གྲོང་སྡེ་པེ་ཅི་གྲོང་ཚོར་ཕེབས་ནས་ས་གནས་དེ་གས་ས་ཁོངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་གྱིས་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བར་བྱེད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་ནགས་ཚལ་ནི་ཆུ་མཛོད་དང་། འབྲུ་མཛོད། དངུལ་མཛོད། ཐཱན་མཛོད་བཅས་གཅིག་ཏུ་འདུས་པའི་ནོར་བུའི་བང་མཛོད་ཆེན་པོ་ཞིག་རེད། ལྗང་མདོག་ཁེབས་རྒྱ་ཆེ་རུ་གཏོང་བ་ནི་ལེགས་ཆ་ཆེ་རུ་གཏོང་བ་དང་ནགས་ཚལ་སྲུང་སྐྱོང་བྱེད་པ་ནི་རྒྱུ་ནོར་སྲུང་སྐྱོང་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བཙུགས་ཏེ་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མི་སེར་ལ་ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བརྒྱུད་འབབ་འཕར་ཡོང་བར་བྱེད་དགོས།

    གྲོང་མི་ཧྲི་རུའེ་ཅོན་ཁྱིམ་གྱི་དམངས་སྲོལ་གནས་ཚང་གི་སྒོ་ར་ཆུང་ཆུང་དུ་ཞི་ཅིན་ཕིང་གིས་ཡུལ་མི་ཚོའི་ས་ནས་ས་གནས་དེ་གའི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་མཐའ་དར་དམངས་ཕྱུག་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་པེ་ཅི་གྲོང་ཚོའི་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཡག་པོ་ཡོད་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་གལ་ཆེན་ཞིག་རེད། ཏ་ཤིང་ཨན་ལིང་གི་ནགས་ཚལ་སྲུང་སྐྱོང་ཡག་པོ་བྱས་ཚེ་ཡུལ་སྐོར་ལས་རིགས་གཞི་ནས་ཡིད་དབང་འཕྲོག་ཐུབ། འདི་གར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་འདུག་པས་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ནས་ནགས་གསེབ་དཔལ་འབྱོར་དང་ཡུལ་སྐོར་ལས་རིགས་གཉིས་ཀ་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་མཛེས་ལྗོངས་དང་གངས་འཁྱགས་ཐོན་ཁུངས་ལས་ཡུལ་མི་ཚོར་ཡོང་འབབ་མི་ཆད་པ་གཏོད་དགོས་ཞེས་གསུངས་པ་རེད།

    སྒོ་ར་ཆུང་ཆུང་ནས་ཞལ་གྱེས་སྐབས། ས་གནས་དེ་གའི་མང་ཚོགས་ཀྱིས་འགྲོ་ལམ་གཡས་གཡོན་དུ་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་དགའ་སྐྱེལ་བྱས་ཤིང་། ཞི་ཅིན་ཕིང་གིས་ཚང་མར་པེ་ཅི་གྲོང་ཚོར་མདུན་ལམ་ཡག་པོ་འདུག རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་གྲོང་གསེབ་དེ་བས་འཛུགས་སྐྲུན་ཡག་པོ་དང་། སྐྱེ་ཁམས་དེ་བས་སྲུང་སྐྱོང་ཡག་པོ། མི་དམངས་ཀྱི་འཚོ་བ་དེ་བས་ཡག་པོ་ཡོང་བར་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་མཉམ་དུ་བསྐྱོད་ཐུབ་པའི་རེ་བ་ཡོད་ཅེས་བྱམས་བརྩེའི་ངང་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཆུ་ལོག་གི་གནོད་འཚེ་ཕོག་ཁུལ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་གནད་དོན་ལ་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད། ཚེས་7ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་གནོད་འཚེ་ཚབས་ཆེ་ཙམ་ཕོག་པའི་ཧར་པིན་ཧྲང་ཀྲི་གྲོང་ཁྱེར་ལའོ་ཅེ་ཅི་ཤང་ལུང་ཝང་མེའོ་གྲོང་ཚོར་ཕེབས་ནས་ཆུ་འབྲས་ལ་གནོད་འཚེ་ཕོག་ཚུལ་དང་ཆུས་བསྣུབས་པའི་ཁང་པ་བསྐྱར་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། གྲོང་མི་དབྱང་ཁྲུན་ཀུའེ་ཡི་ཁང་པར་ཆུ་ཤོར་ནས་གས་ཏེ་ཉམས་བཟོ་བྱེད་བཞིན་ཡོད། ཞི་ཅིན་ཕིང་དབྱང་ཁྲུན་ཀུའེ་ཡི་ཁྱིམ་དུ་ཕེབས་སྐབས་ཁང་པ་ཉམས་བཟོ་བྱས་ཚར་གྲབས་ཡོད་པ་རེད། ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱུང་བ་གཟིགས་སྐབས། ཁོང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཞི་ཅིན་ཕིང་གིས་རྟག་ཏུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་སེམས་ཁྲལ་ཆེན་པོ་ཡོང་གི་འདུག ཧྲང་ཀྲི་གྲོང་ཁྱེར་དུ་ད་ཐེངས་གནོད་འཚེ་ཆེན་པོ་ཕོག་འདུག གེགས་རྗེས་བསྐྱར་སྐྲུན་མགྱོགས་མྱུར་དང་བདེ་བླག་བྱུང་ནས་ཡུལ་མི་ཚོའི་འཚོ་བར་རྟེན་ས་ཡོད་པ་དང་ཐོན་སྐྱེད་ལ་འགན་ལེན་ཐུབ་པ་མཐོང་སྐབས་ང་བློ་བདེ་པོ་བྱུང་། བྱང་ཤར་ས་ཁུལ་དུ་དགུན་ཁ་ཤར་སྔ་བ་དང་དགུན་ཁ་རིང་བས་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ས་གནས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཚོད་དམ་འཛིན་གྱིས་ཇུས་འགོད་བྱས་ནས་སྔ་ཙམ་བྱ་སྤྱོད་སྤེལ་ཏེ་ཟས་གོས་འགྲོ་འདུག་དང་། ལས་ཞུགས། སློབ་གསོ། སྨན་བཅོས་རིམས་འགོག་སོགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་བྱ་བ་ཆེ་ཆུང་ཚང་མར་བསམ་བློ་དེ་བས་ཞིབ་ཚགས་བཏང་ནས་སྐྱོན་ཆ་སྤུ་ཙམ་ཡང་མི་ཐོན་པ་བྱེད་དགོས། དུས་ཚོད་དམ་འཛིན་གྱིས་གནོད་འཚེ་ཕོག་པའི་ཁང་པ་ཉམས་བཟོ་བྱས་ནས་གེགས་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཞིང་ལས་ཐད་ཀྱི་གནོད་འཚེའི་གྱོང་གུན་ཉུང་དུ་བཏང་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་བློ་བདེ་པོ་དང་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ས་གནས་དེ་གའི་གྲོང་མི་དང་ཨར་ལས་མི་སྣ་ཚོས་གཅིག་རྗེས་གཉིས་མཐུད་ངང་འགྲམ་དུ་བསྐྱོད་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཏང་དང་སྲིད་གཞུང་གིས་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་ཚང་མ་དང་སྐྱིད་སྡུག་མཉམ་མྱོང་དང་ལག་གདང་སྦྲེལ་ནས་མཉམ་སྐྱོད་བྱེད་པས། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་ཡུལ་མི་ཚོས་སེམས་ཤུགས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་ཚང་མར་བྱམས་བརྩེའི་ངང་གསུངས་པ་རེད།

    ཚེས་7ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ད་དུང་ཧར་པིན་བཟོ་སྐྲུན་སློབ་ཆེན་དུ་ཕེབས་ཏེ། སློབ་གྲྭའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་རང་རྒྱལ་གྱི་རྒྱལ་སྲུང་ཚན་རྩལ་བྱ་གཞག་ལ་ལེགས་སྐྱེས་ཕུལ་ཚུལ་མཁྱེན་རྟོགས་དང་སློབ་ཁྲིད་ཚན་ཞིབ་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧར་པིན་བཟོ་སྐྲུན་སློབ་ཆེན་གྱིས“ཧར་པིན་དམག་དོན་བཟོ་ལས”ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེན་གཏོད་པའི་དགོས་མཁོར་དམ་པོར་དམིགས་ཏེ། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་བསྐྲུན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས། གཞོན་རབས་པ་ཚོ་འབད་འཐབ་ཧུར་ཐག་དང་ཀྲུང་ཧྭ་དར་རྒྱས་གཏོང་བའི་མི་རབས་ཤིག་ཏུ་འགྱུར་ཚེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་རེ་བས་ཁེངས་ཡོད། ན་གཞོན་སློབ་མ་ཚོས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས་བརྟན་པོ་འཛུགས་པ་དང་། སྙིང་རུས་ཆེན་པོས་སློབ་སྦྱོང་དང་བརྩོན་ཞིབ། ཚན་རིག་གི་ཡང་རྩེར་འཛེགས་ཕོད་པ་བཅས་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་བྱ་གཞག་ཁྲོད་ལང་ཚོའི་བཀྲག་མདངས་འཚེར་བར་བྱེད་དགོས། ཉིན་ཤས་སོང་རྗེས་དགེ་རྒན་དུས་ཆེན་ཡིན་པས། སློབ་གྲྭ་ཡོངས་ཀྱི་དགེ་རྒན་རྣམས་ལ་དུས་ཆེན་གྱི་སྨོན་འདུན་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

    ཚེས་8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧེ་ལུང་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་དང་། ཧེ་ལུང་ཅང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་དགོས། ད་ཡོད་ཀྱི་ཐོན་ལས་རྨང་གཞིར་གཞི་ཚུགས་ཏེ་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་འཕར་ཆའི་ནུས་པ་འདོན་སྤེལ་བྱེད་པ། ཐོན་ལས་གསུམ་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་པ་གང་མགྱོགས་ཆགས་པར་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་པ། ཐོན་ལས་ཁྱུ་ཚོགས་ཁག་གཅིག་སྐྲུན་པ། དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ལྟེ་བའི་གཞི་རྟེན་དུ་བྱས་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཐུབ་ཚད་མཐོ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། ལེགས་ལྡན་ཐོན་ལས་དང་ཐོན་ལས་ཀྱི་ལེགས་ལྡན་ཁྱབ་ཁོངས་སུ་སྔར་བས་ལེགས་པར་གཞོལ་བ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོར་དེ་བས་ལེགས་པའི་ངང་མཉམ་འདྲེས་ཐུབ་པ་བཅས་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱི་འབྲེལ་མཐུད་ཀྱི་རྒྱུན་འཁོར་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ལག་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཧེ་ལུང་ཅང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི“རྨང་རྡོ”ཡག་པོ་ཞིག་བྱེད་དགོས། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་གཏོང་རྒྱུ་ཤུགས་རྒྱག་ས་གཙོ་བོར་བྱས་ཏེ། དེང་རབས་ཞིང་ལས་ཀྱི་རྟེན་གཞི་ཆེན་པོ་དང་། ཁེ་ལས་ཆེན་པོ། ཐོན་ལས་ཆེན་པོ་བཅས་གང་མགྱོགས་བསྐྲུན་ནས་ཞིང་ལས་དངོས་ཟོག་སྒྲིག་ཆས་དེང་རབས་ཅན་དང་། ཚན་རྩལ་དེང་རབས་ཅན། གཉེར་སྐྱོང་དོ་དམ་དེང་རབས་ཅན། ཞིང་ལས་ཆ་འཕྲིན་ཅན། ཐོན་ཁུངས་བེད་སྤྱོད་རྒྱུན་མཐུད་ཅན་བཅས་སྔོན་ལ་མངོན་འགྱུར་ཐུབ་པ་བྱེད་དགོས། གྲངས་འཛིན་ལག་རྩལ་དང་སྐྱེ་དངོས་ལག་རྩལ་གྱི་ནུས་པ་ཆེ་རུ་བཏང་སྟེ་ནག་པོའི་ས་གཞི་དེ་སྔོན་ལ་ཚད་གཞི་མཐོ་བའི་ས་ཞིང་དུ་བསྒྱུར་ནས་ནག་པོའི་ས་གཞི་སྲུང་སྐྱོང་ཡག་པོ་བྱེད་དགོས། ཞིང་ལས་ཚན་རྩལ་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ཚན་རྩལ་ཞིང་ལས་དང་། ལྗང་མདོག་ཞིང་ལས། སྤུས་ཚད་མཐོ་བའི་ཞིང་ལས། སྤུས་རྟགས་ཞིང་ལས་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དེང་རབས་འདེབས་འཛུགས་ལས་རིགས་ཀྱི་རིམ་སྤོར་ལས་གྲྭར་སྐུལ་འདེད་གཏོང་བ། སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ཚན་རྩལ་དང་རྩེར་སོན་ཞིང་འཕྲུལ་སྒྲིག་ཆས་ལེ་ལག་ཚང་བའི་སྒོ་ནས་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། ཞིང་ལས་རྒྱུན་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། ཞིང་ལས་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས། བཟའ་བཅའ་དང་གཟན་ཆག་ཐོན་ལས་ཁྱུ་ཚོགས་བསྐྲུན་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། གྲོང་གསེབ་དར་རྒྱས་ཡོང་བར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་གྲོང་གསེབ་ལ་དེང་རབས་ཅན་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་འཛོམས་པ་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཁྱད་ལྡན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་འཕར་གཞི་གསར་པར་བརྩིས་ནས་གངས་འཁྱགས་ལུས་རྩལ་དང་། གངས་འཁྱགས་རིག་གནས། གངས་འཁྱགས་སྒྲིག་ཆས། གངས་འཁྱགས་ཡུལ་སྐོར་བཅས་ཀྱི་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ནགས་ཚལ་དང་། གཙང་པོ། མཚོ་མཚེའུ། འདམ་ར། གངས་འཁྱགས་སོགས་གདོད་མའི་སྐྱེ་ཁམས་ཀྱི་རྣམ་པ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་བ། མཐའ་མཚམས་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ཏེ། མཐའ་དར་དམངས་ཕྱུག་དང་མཐའ་མཚམས་སྲ་བརྟན་ཡོང་བར་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རིག་གནས་ཀྱི་ལས་འགན་གསར་པ་འཁུར་ཕོད་པ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་གཏིང་ཟབ་ཏུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དར་སྲོལ་གསར་པ་སྐྱེད་སྲིང་དང་གཟུགས་བརྙན་གསར་པ་ཧུར་ཐག་སྟོན་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རྒྱལ་གྱིས་བྱང་ཕྱོགས་སུ་སྒོ་མོ་འབྱེད་པའི་མཐོ་ས་གསར་པ་གཏོད་དགོས། ཚོང་དོན་དང་། མ་འཇོག བགྲོད་ལམ། ལས་སྟེགས་འཛུགས་སྐྲུན་བཅས་ལ་སྔར་བས་སྤྱི་འདོམས་ཡག་པོ་བྱས་ནས། ཁྲོམ་ར་ཆོག་འཐུས་དང་། རྒྱུ་རྐྱེན་གཙོ་བོ་འཁོར་སྐྱོད། ལམ་ལུགས་ཅན་གྱི་སྒོ་དབྱེ་སོགས་ཀྱི་ཐད་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ནས་ཕྱོགས་གང་ཅིའི་ཐད་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་ཆགས་པར་བྱེད་དགོས། སྐམ་སའི་བགྲོད་ལམ་གལ་ཆེན་དང་། ཆུ་ཐོག་དང་མཚོ་ཐོག་སྐྱེལ་འདྲེན་ལམ། ནུས་རྒྱུའི་མདོང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་འཛུགས་སྐྲུན་བྱས་ཏེ། ཨེ་ཤེ་ཡའི་བྱང་ཤར་ལ་སྒོ་མོ་འབྱེད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་དགོས། རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་སྒོ་དབྱེའི་ལས་སྟེགས་གསར་གཏོད་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ས་ཁོངས་མཉམ་ལས་ལ་ཧུར་ཐག་ཞུགས་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་བའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མཐའ་གཅིག་ཏུ་མི་ཐོན་པ་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་མཇུག་འགྲིལ་ཟིན་པས། མུ་མཐུད་དག་ཐེར་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་འཚོལ་ཞིབ་ཐུབ་པའི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་ཕུགས་ཕན་ལམ་སྲོལ་དུ་འགྱུར་བར་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་སོགས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་བརྟན་དུ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་འགོ་ཚུགས་པས་ས་གནས་ཁག་གིས་ཚན་རིག་དང་མཐུན་པའི་འཆར་འགོད་དང་། སྤྱི་འདོམས་བཀོད་སྒྲིག རིགས་དབྱེ་མཛུབ་ཁྲིད་བཅས་མཐའ་འཁྱོངས་བྱས་ཏེ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།