ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་གསོ་སྦྱོང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་དབྱང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཉམས་མྱོང་དང་གྲུབ་འབྲས་གང་ལེགས་སྤྱད་དེ་སྐོར་སྐྱོད་མཛུབ་ཁྲིད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལ་སྟངས་འཛིན་ནན་པོ་བྱས་ནས། ལས་ཀའི་འགན་འཁྲི་ནན་ཏན་སྒྲུབ་པ་དང་། ལྟ་སྐུལ་དང་མཛུབ་ཁྲིད་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། དམིགས་ཚད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
ཀྲུང་དབྱང་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ཀྲུང་དབྱང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཡོངས་ཚོགས་འདུར་ཞུགས་ཡོད་པ་རེད།