“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”ཐོན་འགོ་ཚུགས་པ།
གཞིས་རྩེ་གྲོང་ཁྱེར་གྱི་རྫོང་10ལ་གཅེས་སེམས་རླངས་འཁོར་10ཞལ་འདེབས་ཕུལ་བ།
འདི་ནི“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”ཐོན་འགོ་ཚུགས་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།
ཟླ་9ཚེས་5ཉིན་ནི“ཀྲུང་ཧྭའི་དགེ་སྒྲུབ་ཉིན་མོ”ཐེངས་བརྒྱད་པ་ཡིན། ཉིན་དེར་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་ཀྱི“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”གཞིས་རྩེ་གྲོང་ཁྱེར་ནས་གྲོ་མོ་རྫོང་དང་། དིང་རི་རྫོང་། རྒྱལ་རྩེ་རྫོང་། ས་སྐྱ་རྫོང་སོགས་རྫོང་10ཡི་ཕྱོགས་སུ་ཐོན་པ་དང་། ཞལ་འདེབས་ཀྱི་རླངས་འཁོར་10ལ་རིན་ཐང་སྒོར་ཁྲི་330.18རི་ཡི་ཡོད།
ཉེ་བའི་ལོ་ཤས་རིང་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་མཉམ་ལས་བྱེད་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ས་གནས་དེ་གའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་དེ་བཞིན་ཕན་པ་ཐོབ་པའི་སྨན་ཁང་གིས“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”རྣམ་གྲངས་དམ་འཛིན་བྱེད་སར་བྱས་ཏེ། བུད་མེད་མང་ཚོགས་ཀྱི་སྣེ་ཁྲིད་དང་། ཞབས་ཞུ། འབྲེལ་གཏུག་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པ་དང་། མྱུར་སྐྱོབ་བརྒྱུད་འདྲེན་དང་། ནད་གཞི་ཞིབ་བཤེར། བདེ་ཐང་གི་འོས་འགན་སྨན་བཅོས། བདེ་ཐང་གི་དྲིལ་བསྒྲགས་སློབ་གསོ་སོགས་སྤྱི་ཕན་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་བུད་མེད་ཚོར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྣེ་ཁྲིད་བྱས་པས“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”དེ་ཞབས་ཞུའི་རླངས་འཁོར་དང་། དྲིལ་བསྒྲགས་ཀྱི་རླངས་འཁོར། ཞི་བདེའི་རླངས་འཁོར་བཅས་ལ་འགྱུར་བར་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2003ལོར“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར་གྱི་རྣམ་གྲངས”ལག་ལེན་བསྟར་ཚུན་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་རིམ་རྩིས་བྱས་ན། བོད་རང་སྐྱོང་ལྗོངས་ལ“སྐྱེད་མའི་བདེ་ཐང་མྱུར་བགྲོད་རླངས་འཁོར”100ཙམ་ཞལ་འདེབས་ཕུལ་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་བོད་ཀྱི་བུད་མེད་དང་གཅེན་གཅུང་ཚོར་བརྒྱུད་སྤྲོད་བྱས་ཡོད།