ཚན་རྩལ་གྱིས་ཉིང་ཁྲིའི་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་ལ་རམ་འདེགས་བྱེད་པ།
ད་ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས་མེ་ཟོན་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་བཀག་འགོག་ནུས་ལྡན་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་ཏུ་བརྩིས་ནས“མཁའ་དབྱིངས་དང་། ས་ངོས། མི་བཅས་མཉམ་འགུལ”གྱི་མེ་ཟོན་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་མ་ལག་ཧུར་ཐག་བཙུགས་ཏེ། གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་གྱི་མེ་ཟོན་གཙོ་གནད་ས་ཁོངས་སུ་ཉིན་མཚན་དབྱེར་མེད་དུ་མེ་སྐྱོན་ལྟ་ཞིབ་ཚད་ལེན་བྱས་ཤིང་། ཚན་རྩལ་ལ་བརྟེན་ནས་མེ་སྐྱོན་སྔ་ཙམ་ནས་སྔོན་འགོག་དང་། སྔ་ཙམ་ནས་ཤེས་རྟོགས། སྔ་ཙམ་ནས་ཐག་གཅོད་བཅས་བྱས་ཡོད།
སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་ནས་མེ་ཟོན་གྱི“མཁའ་རྒྱ”བསྐྲུན་ཞིང་། མ་དངུལ་སྒོར་ཁྲི་45བཏང་ནས་སྲུང་སྐར་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་ཞབས་ཞུའི་མ་ལག་ཉོས་ཏེ། འཁོར་ལམ་མཐོ་ཤོས་1དང་འགུལ་མེད་སྲུང་སྐར་10བརྒྱུད་སྐར་མ་10རེའི་མཚམས་སུ་ཉིང་ཁྲིའི་གྲོང་ཁྱེར་ཁྱབ་ཁོངས་སུ་བཤར་ཕབ་ཀྱིས། འཕྲལ་མར་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཐག་གཅོད་བྱ་རྒྱུར་རམ་འདེགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
མི་མེད་གནམ་གྲུས་སྐོར་ཞིབ་དང་སྐོར་གཡེང་བྱས་ནས་མེ་ཟོན་གྱི“གནམ་རྒྱ”བསྐྲུན་ཞིང་། མ་དངུལ་སྒོར་ཁྲི་16བཏང་ནས་མི་མེད་གནམ་གྲུ་2ཉོས་ཏེ་ཉིན་ལྟར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་དང་། མཛེས་ལྗོངས་ཁུལ། གཙོ་གནད་ནགས་ཁུལ་བཅས་སུ་སྐོར་གཡེང་བྱེད་ཀྱི་ཡོད། གལ་སྲིད་མེ་ཁུངས་སམ་ཡང་ན་དུ་སྨུག་མཐོང་མ་ཐག་ལམ་སེང་པར་ལེན་པ་དང་། བརྙན་ལམ་ཕབ་བཟོ། ཉེན་ཟོན་སྔོན་བརྡ་གཏོང་བ་བཅས་བྱས་ནས། གཏོགས་ཁོངས་ནགས་ཚལ་སྲུང་སྐྱོང་མི་སྣ་ས་གནས་ས་ཐོག་ཏུ་བསྐྱོད་དེ་ཐག་གཅོད་བྱེད་བདེ་པོ་ཡོང་བར་བྱེད་ཀྱི་ཡོད་པ་རེད།
བརྙན་ལམ་ལྡིར་སོ་སྤྲོས་ཆས་ཀྱི་མདུན་སྣེའི་སྒྲིག་ཆས་བཀོད་སྒྲིག་བྱས་ནས་མེ་ཟོན་གྱི“ས་རྒྱ”བསྐྲུན་ཞིང་། མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་ནས་མེ་ཉེན་ཚབས་ཆེན་གྱི་ནགས་ཚལ་སྟུག་ཁུལ་དང་། མེ་ཁུངས་དོ་དམ་གཙོ་གནད་ཁུལ། གཙོ་གནད་ལུང་ཤུར་སོགས་ས་ཁོངས་ཀྱི་ལྕགས་སྒྲོམ་དང་། བརྙན་ལམ་ལྡིར་སོ་སྤྲོས་ཆས་ཀྱི་མདུན་སྣེ། ཉིན་མཚན་ཀུན་གྱི་ལྡིར་སོ་སྤྲོས་ཆས་ཀྱི་ལྕགས་སྒྲོམ་ཉེ་འཁོར་གྱི་སྤྱི་ལེ་5ནས་10བར་གྱི་ཁྱབ་ཁོངས་བཅས་སུ་མེ་དང་དུ་བར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་པ་རེད།
མིའི་འགོག་སྲུང་གི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས་མེ་འགོག་གི“མི་རྒྱ”བསྐྲུན་ཞིང་། ནགས་དཔོན་ལམ་ལུགས་ཀྱི་ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་ལས་དོན་དེ་གྲོང་ཁྱེར་རིམ་པའི་དྲ་མིག་1དང་། རྫོང་རིམ་པའི་དྲ་མིག་7 ཤང་རིམ་པའི་དྲ་མིག་54 གྲོང་ཚོ་རིམ་པའི་དྲ་མིག་504བཅས་སུ་ཕྱེ་ནས། ལས་འགན་ཁ་གསལ་དང་འགན་འཁྲི་ཞིབ་ཕྲ་བཟོས་ཏེ“རི་ཁུལ་དུ་སྐོར་གཡེང་བྱེད་མཁན་ཡོད་པ་དང་། ནགས་ཚལ་ལ་སྲུང་སྐྱོང་བྱེད་མཁན་ཡོད་པ། མེ་ལ་དོ་དམ་བྱེད་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ”བཅས་བྱས་པ་རེད།