དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་རྩེ་རྫོང་དང་པ་སྣམ་རྫོང་གི་ཁེ་ལས་དང་དྲོད་ཁང་ཆེ་མོར་བསྐྱོད་པ།

    མྱང་ཆུའི་འགྲམ་གྱི་དར་ཞིང་རྒྱས་པའི་ཐོན་ལས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-09

    འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ཡུག་སྦྲེལ་སྔོ་ཚལ་དྲོད་ཁང་ཆེ་མོ་ཡིན་པ།

    ཟླ་9ཚེས་6ཉིན། ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱི་འགན་འཁུར་བ་དང་། རྩོམ་སྒྲིག་པ། གསར་འགོད་པ་བཅས་མྱང་ཆུའི་རྒྱུད་ཀྱི་གྲོང་ཁྱེར་དང་། གྲོང་རྡལ། ཤང་། གྲོང་ཚོ་བཅས་དང་། སྔོ་ཚལ་དྲོད་ཁང་ཆེ་མོ། ཁེ་ལས་དང་བཟོ་གྲྭ་བཅས་སུ་ཡོང་ནས་གཞིས་རྩེའི་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་བལྟས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་ཤེས་རྟོགས་བྱས་པ་རེད།

    གཞིས་རྩེར“འཛམ་གླིང་ནས་ཀྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད། རྒྱལ་རྩེ་རྫོང་ནི་གྲོང་ཁྱེར་དེའི་ནས་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་རྒྱལ་རྩེ་རྫོང་གིས་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ། སྲིད་ཇུས་ཀྱིས་ཁྲིད་སྟོན་དང་། ཁྲོམ་རས་ཕྱོགས་སྟོན། ཚན་རྩལ་གྱིས་སྒུལ་ཤུགས་བཅས་བྱས་ནས་རྐང་འཛིན་ཁེ་ལས་འཛུགས་པ་དང་སྟོབས་ཆེར་བཏང་སྟེ་ནས་ལས་སྣོན་ཞིབ་ཚགས་གཙོ་བོར་བྱེད་པའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད། མིག་སྔར་རྫོང་དེའི་ནས་ལས་སྣོན་ཞིབ་ཚགས་ཐོན་ལས་ཀྱི་མཉམ་འདུས་གཞི་ཁྱོན་རགས་ཙམ་ཆགས་ནས་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་5000ལྷག་ཙམ་ཟིན་པ་དང་ཐོན་རྫས་ལྗོངས་ཕྱི་ནང་དུ་བྲིན་ཁ་རྒྱུག་པོ་ཡོད། 

    “རྒྱལ་རྩེ་རྫོང་གིས་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ཁྲོམ་ར་གསར་འབྱེད་ཀྱི་ཁ་ཕྱོགས་ཡང་དག་བདམས་ནས་ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་བཏང་བ་ལས་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པས་མདུན་ལམ་ཡག་པོ་འདུག”ཅེས་ཀྲུང་གོ་ཉིན་རེའི་ཚགས་པར་ཁང་གི་དྲུང་ཆེ་གཞོན་པ་ཕན་ཀྲུང་མིང་གིས་བཤད།

    བོད་ལྗོངས་བསམ་གཏན་སྒང་ནས་ཆང་ལས་རིགས་ཚད་ཡོད་ཀུང་སིའི་བཟོ་གྲྭར་སྐྱོད་སྐབས་རྦད་དེ་རང་འགུལ་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། ལས་རིམ་ཁག་གི་ལས་མི་དབར་གཞོགས་འདེགས་དམ་ཟབ་བྱེད་བཞིན་མཆིས། ཚང་མར་ཤེས་རྟོགས་བྱུང་བར་གཞིགས་ན། བསམ་གཏན་སྒང་ནས་ཆང་ལས་རིགས་ཀྱིས་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་མཐོང་ཆེན་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྔ་རྗེས་སུ་ཆེད་ཁེ་གསར་གཏོད་2དང་། ཉེར་སྤྱོད་ཀྱི་ཆེད་ཁེ་གསར་གཏོད་གསར་པ་5 མཉེན་ཆས་ཀྱི་རྩོམ་གྱི་བདག་དབང་5བཅས་འདུན་ཞུ་བྱས་ཡོད་པ་དང་། ཁེ་ལས་ཀྱིས་ལོ་ལྟར་མང་ཚོགས་ལ་ནས་ལས་སྣོན་ཞིབ་ཚགས་རྣམ་གྲངས་ཀྱི་ཐོབ་ཆ་བགོ་བཤའ་རྒྱག་གི་ཡོད། མིག་སྔར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་སྲོལ་རྒྱུན་གྱི་ནས་ཆང་ཕུད་ནས་ཀྱི་སྦི་རག་དང་བྱེད་ནུས་ལྡན་པའི་བཏུང་བྱ་སོགས་ཀྱི་ཐོན་རྫས་བཟོ་རྩིས་བྱེད་ཀྱི་ཡོད།

    “མེས་རྒྱལ་གྱི་མཐའ་མཚམས་སུ་ཚན་རྩལ་འདུས་ཚད་ཆེ་བའི་ཁེ་ལས་འདི་ལྟ་བུ་ཡོད་པ་བསམ་པའི་ཡུལ་ལས་མེད། བཟའ་བཅའ་དང་འཕྲོད་སྦྱོར་ཐོན་རྫས་ཀྱི་ཐོན་སྐྱེད་ཀྱི་རྒྱུ་ཆ་ཡིན་པའི་ནས་ཀྱི་ཟུར་བསྣན་རིན་ཐང་ཟམ་མི་ཆད་པར་འཕར་བཞིན་འདུག”ལེའོ་ཉིང་ཉིན་རེའི་ཚགས་པར་ཁང་གི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་གྱི་ཁོངས་མི་ཏའེ་ཁྲུན་ཀོང་གིས་ད་ཐེངས་གཞིས་རྩེར་བསྐྱོད་པ་ལས་བོད་ཀྱིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཡིད་ཆེས་ཀྱིས་ཁེངས་བྱུང་ཞེས་བཤད།

    པ་སྣམ་རྫོང་དཔལ་རྩལ་ཤང་བན་ཚང་གྲོང་ཚོར་དྲོད་ཁང་ཆེན་པོ་174རིམ་བསྟར་ཆགས་ཡོད་ཅིང་། དྲོད་ཁང་ཆེན་པོར་ཤིས་ཀྭ་དང་། ཀྲོ་མ་ཀྲུ། ཧོང་ཀྭ རླམ་རྩྭ་ཕུ་སུལ། པད་ཚལ་སོགས་ཤིང་འབྲས་དང་སྔོ་ཚལ་རིགས་10ལྷག་ཙམ་གྱིས་ཁྱབ་འདུག

    པ་སྣམ་རྫོང་དུ་བེད་སྤྱོད་བྱེད་བཞིན་པའི་དྲོད་ཁང་ཆེན་པོ་2163ཡོད་ཅིང་། རྫོང་དེས“ཐོན་ལས་གང་དུ་སྣུར་སྲིང་བྱས་ན་ཏང་རྩ་འཛུགས་དེ་གར་བཙུགས་ནས་དེ་གར་ནུས་པ་ཐོན་པ་བྱེད་པའི”རྩ་དོན་ལྟར་པ་སྣམ་རྫོང་གི་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་འཁོར་འབྲེལ་གྱི་ཏང་ཨུད་དང་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་ཀྱི“གྲོང་འབྲེལ་ཏང་ཨུད”བཙུགས་ནས་ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་གྱིས“སྔོ་ཚལ་དང་ཤིང་འབྲས་ཀྱི་ཕ་ཡུལ”ཞེས་པའི་གསེར་གྱི་མིང་བྱང་ཐོབ་ཡོད།

    ཏ་ཀྲུང་ཚགས་པར་ལས་རིགས་ཚོགས་པའི་ཏང་ཨུད་ཀྱི་རྒྱུན་ཨུ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལི་ཧའེ་ཡན་གྱིས་པ་སྣམ་རྫོང་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་རྫོང་ཞིག་ཡིན། ད་ཐེངས་འདི་གར་ཡོང་ནས་ཡུལ་མི་ཚོའི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བཞིན་པ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་ལ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྩེ་བ་ཟབ་མོ་ཡང་དངོས་སུ་ཚོར་བྱུང་། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་མི་རིགས་ཁག་གིས་ལག་གདང་སྦྲེལ་ནས་སྔར་བས་མཛེས་སྡུག་ལྡན་པའི་ལེའུ་གཏོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།