ཀྲང་གོ་ཆིང་གིས་བོད་ལྗོངས་སུ་ཀྲུང་དབྱང་ཁེ་ལས་ཀྱི་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་བོད་ལྗོངས་སུ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་གཞུང་ཁོངས་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེར་དམིགས་ཏེ་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་བོད་སྐྱོར་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་མུ་མཐུད་སྐུལ་འདེད་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཚེས་5ཉིན་ནས་ཚེས་7ཉིན་བར་ཀྲང་གོ་ཆིང་གིས་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་དུ་ཀྲུང་དབྱང་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ནུས་རྒྱུ་དང་འགྲིམ་འགྲུལ་སོགས་ཀྱི་ལས་གྲྭའི་གཙོ་གནད་རྣམ་གྲངས་ཀྱི་ལས་ཡུལ་དུ་ཕེབས་ནས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་རྣམ་གྲངས་དང་ས་མཐོའི་བཟོ་ལས་ཁེ་ལས་དང་བཟོ་གྲྭའི་འཁོར་ཁང་བཅས་སུ་ཕེབས་ཏེ་ཐོན་སྐྱེད་གཉེར་སྐྱོང་དང་ལས་ཞུགས་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་གཞུང་ཁོངས་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་བོད་སྐྱོར་གྱི་ལས་དོན་ཁག་ཏན་ཏིག་སྤེལ་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག་ལ་མུ་མཐུད་དམིགས་པ་དང་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་ནུས་ཤུགས་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་སྒོ་ནས་བོད་སྐྱོར་ལས་དོན་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གློག་ཤུགས་དང་། འཕྲིན་གཏོང་། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་གཙོ་གནད་རྣམ་གྲངས་ཁག་གཅིག་དོན་འཁྱོལ་ལག་བསྟར་དང་གཙོ་གནད་ལས་གྲྭ་ཁག་གཅིག་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུར་སྐུལ་འདེད་བཏང་སྟེ་བོད་ཀྱིས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། བོད་ཀྱི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཐོན་ལས་བོད་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། བོད་དུ་ཀྲུང་དབྱང་ཁེ་ལས་བཀོད་སྒྲིག་བྱེད་རྒྱ་ཆེ་རུ་གཏོང་བ། བོད་ཀྱིས་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་བྱེད་པ། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་ཁག་གི་རོགས་སྐྱོར་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱས་ནས་དམངས་འཚོ་ལེགས་སུ་གཏོང་བ་དང་། ས་གནས་དེ་གར་ཕན་འདོགས་པ། མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་པ་དང་། བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ། གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ལ་ཞབས་ཞུ་དེ་བས་ལེགས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གཏོད་པར་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་ཀྲང་གོ་ཆིང་གིས་ད་དུང་ས་གནས་ས་ཐོག་ཏུ་བདེ་འཇགས་ཐོན་སྐྱེད་དང་ས་གཤིས་གནོད་འཚེ་འགོག་བཅོས་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད། ཁོང་གིས་བོད་ཀྱི་ས་དབྱིབས་ས་གཤིས་དང་གནམ་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད། གངས་རྡིབ་སོགས་ཀྱི་གནོད་འཚེའི་ལས་འཛོལ་ཐོན་ཉེན་ཆེ་ཙམ་ཡོད། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་མཐའ་འཁྱོངས་ཀྱིས་སྐྲུན་བཞིན་པའི་ལས་གྲྭ་དང་། ཨར་སྐྲུན་གྱི་སྒར་ས། ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་གཙོ་གནད་དུ་བྱས་ནས་གནོད་འཚེའི་ལས་འཛོལ་དང་ཉེན་ཁའི་མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ཨར་ལས་བདེ་འཇགས་འགན་ལེན་བྱེད་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཀྱི་འགན་འཁྲི་དང་གེགས་འགོག་གེགས་སེལ་གྱི་བྱ་ཐབས་གཞི་རིམ་དུ་ཏན་ཏིག་ངང་སྤྱོད་ཐུབ་པ་བྱས་ནས་གནོད་འཚེ་ཚབས་ཆེན་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།