ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་གཏན་འབེབས།
(2023ལོའི་ཟླ་9ཚེས་7ཉིན)
● ཧྥེ་ཅུན་ལུང་ལ“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་ཏེང་ཆིང་མིང་དང་ཀྲང་ལུའུ་ལ“དཔའ་བོའི་འཇིག་རྟེན་འཕུར་སྐྱོད་པའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་འབྲེལ“རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ།
2022ལོའི་ཟླ་11ཚེས་29ཉིན། ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་གྲུ་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། འཇིག་རྟེན་འཕུར་སྐྱོད་པ་ཧྥེ་ཅུན་ལུང་དང་། ཏེང་ཆིང་མིང་། ཀྲང་ལུའུ་བཅས་འཕུར་གྲུར་བསྡད་ནས་མཁའ་མཐུན་ལྟེ་ཚང་ནང་བདེ་བླག་ངང་འཛུལ་ཏེ། འཁོར་ལམ་དུ་ཟླ་དྲུག་བསྡད་པ་མ་ཟད། སྔ་རྗེས་སུ་གྲུ་ཚང་ནས་དོན་པའི་བྱེད་སྒོ་ཐེངས་4སྤེལ་བ་དང་ཆབས་ཅིག བར་སྣང་གི་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་རབ་དང་རིམ་པ་བྱས་པ་དང་འབྲེལ་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་ཀྱི་འཁོར་སྐྱོད་དོ་དམ་ལས་འགན་ཁག་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་ཏེ་2023ལོའི་ཟླ་6ཚེས་4ཉིན་བདེ་འཇགས་ངང་ཕྱིར་ལོག་ཡོད། ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ནི། ཀྲུང་གོའི་བར་སྣང་ས་ཚིགས་འཛུགས་སྐྲུན་དུས་མཚམས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་མཇུག་བསྡུའི་དམག་འཐབ་ཅིག་ཡིན་ཞིང་། བར་སྣང་ས་ཚིགས་ཀྱི“ཚང་གསུམ་གྲུ་གསུམ”གྱི་བཟོ་དབྱིབས་ཆེ་ཤོས་ཐོག་མ་གྲུབ་པ་དང་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གཉིས“བར་སྣང་དུ་མཉམ་འཛོམས”ཐོག་མར་བྱུང་སྟེ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གྲུ་ཚང་ནས་དོན་པའི་བྱེད་སྒོའི་ཐེངས་གྲངས་ཀྱི་ཟིན་ཐོ་བཏོད་ཅིང་། དེ་ཐོག་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཐད་གོམ་སྟབས་གསར་པ་སྤོས་པ་མཚོན་ཡོད་ལ། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པའི་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་སྟེ་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། ངེས་ཤུགས་རྒྱུན་འཁྱོངས། འབད་འབུངས་ཡར་བརྩོན། དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད་བཅས་ལ་སྐུལ་འདེབས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་པར་དོན་སྙིང་གལ་ཆེན་ལྡན་ཡོད།
ལྷ་གྲུ་ཨང་བཅོ་ལྔ་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དེའི་ནང་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་། འཇིག་རྟེན་འཕུར་སྐྱོད་པ། ལས་བྱེད་ལས་བཟོ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་བློ་གྲོས་དང་རྔུལ་ཆུ་འདུས་ཡོད། བློ་མཐུན་ཧྥེ་ཅུན་ལུང་དང་། ཏེང་ཆིང་མིང་། ཀྲང་ལུའུ་བཅས་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་གི་མཚོན་བྱེད་ཅིག་རེད། ཁོང་ཚོས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་།ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ། སྙིང་རུས་བརྟན་འཁྱོངས། ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་བཅས་བྱས་ཏེ་འཛམ་གླིང་ལ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད། བློ་མཐུན་ཧྥེ་ཅུན་ལུང་གིས་ལོ་17སོང་རྗེས་སླར་ཡང་བར་སྣང་དུ་བསྐྱོད་པ་དང་འབྲེལ་བཀོད་འདོམས་པའི་འགན་ཐེངས་2འཁུར་བས་ཀྲུང་གོའི་བར་སྣང་ས་ཚིགས་ཕྱོགས་ཡོངས་ནས་བསྐྲུན་རྗེས་གྲུ་ཚང་ནས་དོན་ཏེ་བྱེད་སྒོ་སྤེལ་མཁན་འཇིག་རྟེན་འཕུར་སྐྱོད་པ་དང་པོར་གྱུར་ཡོད། བློ་མཐུན་ཏེང་ཆིང་མིང་གིས་ལོ་25ཡི་རིང་མཁའ་དབྱིངས་སུ་འཕུར་བའི་ཐོག་མའི་བསམ་འདུན་མ་བརྗེད་པ་དང་ཕུགས་འདུན་དོན་གཉེར་ཧུར་ཐག་བྱས་ཏེ་ཚོད་ལྟའི་ལས་འགན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཡོད། བློ་མཐུན་ཀྲང་ལུའུ་ཡིས་ལོ་12ཉིན་གཅིག་ལྟར་སྦྱོང་བརྡར་ཧུར་ཐག་བྱས་ཏེ་མཁའ་དབྱིངས་སུ་གྲུ་ཚང་ནས་ཐེངས་4དོན་པའི་ལས་འགན་ཐོག་མ་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་ཡོད། ཁོང་ཚོས་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གཏོད་པར་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་གཟེངས་བསྟོད་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བློ་མཐུན་ཧྥེ་ཅུན་ལུང་ལ“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། བློ་མཐུན་ཏེང་ཆིང་མིང་དང་ཀྲང་ལུའུ་ལ“དཔའ་བོའི་འཇིག་རྟེན་འཕུར་སྐྱོད་པའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་འབྲེལ“རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
བློ་མཐུན་ཧྥེ་ཅུན་ལུང་དང་། ཏེང་ཆིང་མིང་། ཀྲང་ལུའུ་བཅས་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་ཕུལ་མཁན་གྱི་དུས་རབས་ཀྱི་གདོང་ལེན་པ་དང་འཇིག་རྟེན་ཁམས་འཚོལ་ཞིབ་དང་། བར་སྣང་གི་ཕུགས་འདུན་སྒྲུབ་པ། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་ཀྱི་དཔེ་དམག་དང་མིག་དཔེ་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གཟེངས་བསྟོད་ཐོབ་པའི་འཇིག་རྟེན་འཕུར་སྐྱོད་པ་མིག་དཔེར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། རང་རྟོན་རང་དར་དང་བློ་སེམས་གཅིག་མཐུན། འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་7ཉིན་འབྱོར་བའི་གློག་འཕྲིན)