མཐུན་སྒྲིལ་རྩ་བ་བརྟན་པོར་ཚུགས། བདེ་སྐྱིད་མེ་ཏོག་རབ་ཏུ་བཞད།
—— རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
“ང་ཚོའི་ཁྱིམ་གྱི་སྤོ་བོ་ལགས་ནས་ང་བར་གྱི་མི་རབས་གསུམ་ནི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཡིན་ལ། ཕན་ཚུན་ཧ་ཅང་འཆམ་པོའང་ཡོད”ཅེས་ཉི་མ་ལྷ་མོས་བཤད། 2022ལོར་ཁོང་གི་ཁྱིམ་ཚང་ལ“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཡག་ཤོས”ཀྱི་གཟི་བརྗིད་མཚན་སྙན་ཐོབ།
དགུ་བཅུ་ནང་སྐྱེས་ཀྱི་བོད་རིགས་བུ་མོ་ཉི་མ་ལྷ་མོ་དང་ཁོང་གི་བཟའ་ཟླ་ཁྲེན་ལེང་ནི་མཐོ་འབྲིང་སྐབས་སློབ་གྲོགས་ཡིན་ཞིང་། དགའ་ཕྱོགས་དང་འདུན་པ་གཅིག་མཚུངས་ཡིན་པའི་དབང་གིས་སློབ་ཆེན་གཅིག་ཏུ་རྒྱུགས་འཕྲོད། སློབ་གྲྭ་ཐོན་རྗེས་བཟའ་ཚོར་གྱུར་ནས་བོད་དུ་ལས་ཀ་བྱེད་པར་ཡོང་། ཁོང་གཉིས་གཉེན་སྒྲིག་བྱས་རྗེས་ཕན་ཚུན་བརྩི་འཇོག་དང་། བསམ་ཤེས། རྒྱབ་སྐྱོར་བཅས་བྱེད་ཀྱི་ཡོད་པས་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་འཕེལ་རྒྱས་གསར་པ་བྱུང་ནས། མི་རིགས་ཁག་གི་མི་དམངས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་ཐུན་མོང་ཐོག་སྐྲུན་བཞིན་ཡོད།
《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ཁྱབ་བསྒྲགས་ལག་བསྟར་བྱས་པ་ནས་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི”བརྗིད་ཆེའི་འཆར་གཞི་བཀོད་པའི་བར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མི་རིགས་ལས་དོན་གྱི་གཙོ་རྐང་ལ་བརྩིས་ནས། བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད།
ཟླ་6ཚེས་17ཉིན་ལྷ་སར་སྦྲང་ཆར་ཟིལ་མ་བབས་ནས་མཁའ་རླུང་གཙང་བས་མི་རྣམས་ལ་བློ་བདེ་བག་ཕེབས་ཀྱི་སྣང་བ་ཞིག་སྦྱིན། ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོའི་བོད་སྐྱོར་དགེ་རྒན་གྱི་ཟ་ཁང་ནས་དགའ་སྤྲོའི་འཛུམ་མདངས་དང་ཅའོ་ཙེའི་དྲི་ཞིམ་འཕྱུར་བ་ལས་དགེ་སློབ་མང་པོའི་ཡིད་དབང་བཀུག་ཡོད།
གསར་འགོད་པས་སྒོ་ཕྱེ་སྐབས་སློབ་གྲྭའི་བོད་སྐྱོར་དགེ་རྒན་གྱིས་སློབ་གྲྭ་དེའི་དགེ་རྒན་དང་མཉམ་དུ་བྲོ་ཞིབ་བརྫི་བ་དང་ཅའོ་ཙེ་བཟོ་བའི་རྣམ་པ་མིག་ལམ་དུ་འཆར་འོང་། དེ་ལས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དྲོ་སྐྱིད་ཟབ་མོ་ངང་གིས་ཚོར་བྱུང་།
2016ལོའི་ཟླ་3པ་ནས་ད་བར། ཀྲེ་ཅང་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་གྱིས་ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོའི་སློབ་ཁང་གི་སློབ་ཁྲིད་དང་། ཚོད་ལྟ་ཁང་འཛུགས་སྐྲུན། ན་གཞོན་དགེ་རྒན་གསོ་སྐྱོང་། ཚན་ཁག་འཛུགས་སྐྱོང་སོགས་ཐད་འདུ་ཤེས་ཀྱི་ཁྲིད་སྟོན་དང་། ཤེས་ལྡན་པའི་རྒྱབ་སྐྱོར། མ་དངུལ་གྱི་རོགས་སྐྱོར་བཅས་བྱས་ཡོད། དེ་དང་ཆབས་ཅིག་རིམ་རྩིས་བྱས་ན་དཀའ་ངལ་ཡོད་པའི་སློབ་མ་120ལ་རོགས་སྐྱོར་བྱས་པ་དང་། ཆེད་དོན་ཟུར་ཁྲིད་ཐེངས་50ལྷག་ཙམ་བྱས་པ། མ་དངུལ་སྒོར་ཁྲི་220ལྷག་ཙམ་བཏང་བ། “བར་སྣང་སློབ་ཁང”གི་སློབ་དཔྱོད་ཐེངས་8བྱས་པ། དགེ་སློབ་མི་ཐེངས་ཁྲི་0.32ལྷག་ཙམ་ཀྲེ་ཅང་དུ་སྤེལ་རེས་སློབ་སྦྱོང་བྱེད་པར་བཏང་བ་བཅས་བྱས་ཡོད།
བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་གཅིག་ལ་གཅིག་བརྟེན་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། བོད་ལྗོངས་ལྷོ་ཁའི་རུའེ་ཤིན་ཁེ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་མཱ་ཝུན་ཅུན་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད།
མཱ་ཝུན་ཅུན་ནི་ཧུད་རིགས་ཡིན་པ་དང་། 1985ལོར་ཀན་སུའུ་ལིན་ཤ་རུ་སྐྱེས། ཕ་མེས་ཀྱི་ཤུགས་རྐྱེན་ཐེབས་ནས་བོད་ལ་བརྩེ་སེམས་ཟབ་མོ་འཆང་བཞིན་ཡོད། 2001ལོར་ཁོང་བོད་དུ་ཡོང་ནས་ཟ་ཁང་གི་ཞབས་ཞུ་བ་དང་། སྐྱེལ་འདྲེན། ལུག་ལྤགས་ཉོ་བ་སོགས་ཀྱི་ལས་ཀ་མང་པོ་བྱེད་མྱོང་ཡོད་པས། དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་ཁོང་ལ་ཡོང་འབབ་མང་པོ་རག་པ་མ་ཟད། བོད་རིགས་སྤུན་ཟླ་མང་པོ་ངོ་ཤེས་པ་རེད།
དེ་ནས་བཟུང་མཱ་ཝུན་ཅུན་གྱིས་བོད་ལ་འཚོ་བ་བསྐྱལ་ནས་བསྡད། ཁོང་གིས་ལས་གཏོད་ཧུར་ཐག་བྱེད་ཞོར་དུ་ཁེ་ལས་དོ་དམ་དང་། ཕྱིར་ཚོང་གཉེར་སྐྱོང་དོ་དམ། དངུལ་རྩའི་འབྲེལ་ཡོད་ཤེས་བྱ་བཅས་སློབ་སྦྱོང་དང་ཞིབ་འཇུག་ནན་ཏན་བྱས་པས་མཐར་2014ལོའི་ཟླ་8པར་ལྷོ་ཁའི་རུའེ་ཤིན་ཁེ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་བཙུགས། 2013ལོར་མཱ་ཝུན་ཅུན་གྱིས་ལྕང་སོན་འདེབས་འཛུགས་ཀྱི་ཚོང་ལས་གོ་སྐབས་ལ་དམིགས་ནས་གསོག་དངུལ་ཚང་མ་བཏོན་པ་མ་ཟད། དངུལ་བུན་སྒོར་ཁྲི་30གཡར་ནས་གྲ་ནང་རྫོང་དུ་ལྕང་སོན་རྟེན་གཞི་ཡང་བཙུགས་པ་རེད།
ཤིང་འཛུགས་ནགས་བཟོ་དང་བྱེ་འགོག་བྱེ་བཅོས་བྱས་པས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། མང་ཚོགས་ལ་ཡོང་འབབ་ཀྱང་བྱུང་ཡོད། ཀུང་སི་བཙུགས་པ་ནས་བཟུང་རྣམ་གྲངས་འཛུགས་སྐྲུན་བྱས་པ་བརྒྱུད་མཱ་ཝུན་ཅུན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་འབབ་སྒོར་ཁྲི་5000ལྷག་ཙམ་བསགས་པ་དང་ཁྲལ་དངུལ་སྒོར་ཁྲི་1500ལྷག་ཙམ་འཇལ་ཡོད།
འདི་ལོའི་ཟླ་4པར་ཀུང་སིས་དངུལ་སྒོར་ཁྲི་300ཞལ་འདེབས་ཕུལ་ཏེ། སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་དེ་བཞིན་ཀླུ་ཆུང་སྡེ་ཁུལ་དང་མཉམ་དུ་དུས་ཡུན་ལོ་3ནང་མུའུ་500ཡི“མི་རིགས་མཐུན་སྒྲིལ་གྱི་སེམས་མཐུན་ནགས་ཚལ”བསྐྲུན་པའི་འཆར་འགོད་བྱས། མཱ་ཝུན་ཅུན་དང་སྣེ་གདོང་ཆུས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་གྲངས་ཁུལ་དུ་ལྕང་སོན་མུའུ་100བཏབ་པས། ད་ཆ་སྣེ་གདོང་གི་ཡར་ཀླུང་གཙང་པོའི་འགྲམ་ངོགས་ཀྱི“སེམས་མཐུན་ནགས་ཚལ”གྱི་རྣམ་པ་རགས་ཙམ་གྲུབ་ཡོད།
“ང་ཚོས་བདག་སྐྱོང་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབས་ནས། ལོ་རྗེས་མར་ལྗོན་པའི་བསིལ་གྲིབ་འོག་མཉམ་དུ་འཛོམས་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་གླེང་བ་དང་ལྗང་མདོག་སྐྱེ་ཁམས་ཀྱི་མཛེས་པ་མཉམ་སྤྱོད་ཐུབ་པའི་རེ་བ་ཡོད”ཅེས་མཱ་ཝུན་ཅུན་གྱིས་བཤད།
ད་ཆ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོའི་གང་སར་བཞད་དེ་མི་རིགས་ཁག་གི་སྤུན་ཟླ་འཆམ་མཐུན་དང་ཞི་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས་བཅས་བྱེད་བཞིན་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།