དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྡོད་ཁང་གསར་པ་། འཚོ་བ་གསར་པ་། རེ་བ་གསར་པ་།

    —— སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-08

    དམངས་འཚོ་ནི་མི་དམངས་ཀྱི་བདེ་སྐྱིད་ཀྱི་རྨང་གཞི་དང་སྤྱི་ཚོགས་འཆམ་མཐུན་གྱི་རྩ་བ་ཡིན་པས། དེ་ནི་དམངས་སེམས་དང་དམ་དུ་འབྲེལ་བ་ཞིག་རེད།

    སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་དུ་ཡོད་པའི་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་ནི་ལྷ་ས་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་དེ་ཡིན་ཞིང་། དེ་གར་གནས་སྤོས་མང་ཚོགས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་བདེ་སྡོད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། ད་ཆ་ཆ་ལག་ཚང་བའི་སྡེ་ཁུལ་བཅོས་སྐྱོང་དང་འཐུས་སྒོ་ཚང་བའི་སྡེ་ཁུལ་ཞབས་ཞུས་གྲོང་མིའི་ཐོབ་སྣང་དེ་བས་ཆེ་རུ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་སྣང་ལ་འགན་ལེན་ནུས་ལྡན་ཐུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་འཆམ་མཐུན་གླིང་སྡེ་ཁུལ་དུ་སྡོད་མཁན་དུད་ཚང་1170གྱི་གནས་སྤོས་མང་ཚོགས་4748ནི་སྟོད་ལུང་བདེ་ཆེན་ཆུས་དང་འདམ་གཞུང་རྫོང་གི་ཤང་དང་གྲོང་རྡལ་11ནས་སྤོས་པ་ཞིག་རེད། གནས་སྤོས་མང་ཚོགས་གནས་ཐུབ་པ་དང་། མཉམ་འདྲེས་ཐུབ་པ། འཕེལ་རྒྱས་ཐུབ་ཆེད། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཐོན་ལས་དར་རྒྱས་དང་། ལས་ཞུགས་རྒྱ་ཆེར་གཏོང་བ། ཞན་ཆ་སེལ་བ། ཞབས་འདེགས་ལེགས་སུ་གཏོང་བ་བཅས་བྱས་ནས་གནས་སྤོས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད།

    སྡེ་ཁུལ་དུ་སྐྱོད་སྐབས། རྒན་རྒོན་ཚོ་ལྗོན་ཤིང་གི་བསིལ་གྲིབ་འོག་ཏུ་བསྡད་ནས་རང་རང་གི་ཁྱིམ་ཚང་སྐོར་གླེང་བཞིན་ཡོད་པ་དང་། ཕྲུ་གུ་ཚོ་སྣང་བ་སྐྱིད་པོའི་ངང་རྩེད་འཇོར་གཡེང་བ། ན་གཞོན་ཚོ་ལམ་ཟུར་གྱི་གཡས་གཡོན་དུ་འཆམ་འཆམ་དང་གླེང་མོལ་བྱེད་པའི་རྣམ་པ་མཐོང་རྒྱུ་ཡོད་པས། དེ་གའི་ཕྱོགས་གང་ས་ནས་བག་ཕེབས་དང་ལྷིང་འཇགས་ཀྱི་རྣམ་པ་ཞིག་མངོན་འོང་།

    གནས་སྤོས་མང་ཚོགས་གང་མགྱོགས་ས་གནས་དེ་གའི་འཚོ་བ་དང་འཕྲོད་པར་སྐུལ་འདེད་གཏོང་བ་དང་ཁྱིམ་མཚེས་དབར་འཆམ་མཐུན་དང་ཕན་ཚུན་རོགས་རེས་ཀྱི་འབྲེལ་ཟམ་འཛུགས་ཆེད། སྡེ་ཁུལ་གྱིས་དོན་དངོས་དང་མང་ཚོགས་ཀྱི་དགོས་མཁོར་བསྟུན་ནས་ཏང་ཡོན་དང་བླངས་པའི་ཞབས་ཞུ་རུ་ཁག་དང་། བུད་མེད་དང་བླངས་པའི་ཞབས་ཞུ་རུ་ཁག གཞོན་ནུ་དང་བླངས་པའི་ཞབས་ཞུ་རུ་ཁག་སོགས་བཙུགས་ནས་ཁོར་ཡུག་བཅོས་སྒྲིག་དང་། འོས་འགན་སྐོར་གཡེང་། རྒན་རྒོན་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད།

    སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་པའི་ནུས་པ་གང་ལེགས་འདོན་ཆེད། སྡེ་ཁུལ་ཏང་ཨུད་ཀྱིས་སྡེ་ཁུལ་གྱི་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་གི་ཁོངས་མི་240ལྷག་ཙམ་གྱི་སྣེ་ཁྲིད་ནས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། “ཡོད་པ་ལྔ་དང་བཟང་པོ་ལྔ”སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་པ་མ་ཟད། རིག་རྩལ་འཁྲབ་སྟོན་དང་བྱ་དགའ་སྤྲད་དེ་དྲི་བར་ལན་འདེབས་པ་སོགས་གནས་སྤོས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད།

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ལ་བརྟེན་ནས“ཤེས་དཔལ་ལག་ལེན་གྱི་སྣེ་ཁྲིད་པ་ཧུར་ཐག་བྱེད། ཆུ་ལམ་གཙང་སེལ་དང་འོས་འགན་ཤིང་འཛུགས”སོགས་ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་བྱེད་སྒོ་དང་། དེ་བཞིན་ཞིང་དལ་དུས་སུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་ཁག་བཅུ་སྤེལ་ཡོད། 2019ལོར་རྒྱལ་ཡོངས་ནས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི“100བཞིའི”སྔོན་ཐོན་དཔེ་མཚོན་འོས་འདེམས་བྱེད་སྒོ་སྤེལ་བར། སྡེ་ཁུལ་དེར“དང་བླངས་ཞབས་ཞུའི་སྡེ་ཁུལ་ཡག་ཤོས”ཀྱི་མཚན་སྙན་ཐོབ་ཡོད།

    གནས་སྤོས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་སྟབས་བདེ་ཡོང་ཆེད། སྡེ་ཁུལ་གྱིས་ད་དུང་དམངས་ཕན་ཇ་ཁང་ཆེད་དུ་བཙུགས་པས་གྲོང་མིས་དངུལ་ཉུང་ཉུང་ལས་གཏོང་མི་དགོས་པར་ཞིམ་ཟས་ལ་རོལ་ཆོག དམངས་ཕན་ཇ་ཁང་ཕུད་སྡེ་ཁུལ་དུ་ད་དུང་དམངས་ཕན་ཕྱོགས་བསྡུས་ཚོང་ཁང་དང་། བུད་མེད་ཀྱི་ལག་ཤེས་འཁེལ་འཐག་མཉམ་ལས་ཁང་གི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས། རྩལ་ནུས་གསོ་སྦྱོང་ཐོག་ཁང་། གྲོང་མིའི་ཁྲུས་ཁང་སོགས་བཙུགས་པར། འཆམ་མཐུན་དགའ་ཚལ་གླིང་གི་གྲོང་མི་ཚང་མ་དེའི་ནང་དུ་ཞུགས་མཁན་དང་ཕན་པ་འཐོབ་མཁན་དུ་གྱུར།

    གནས་སྤོས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་དང་། སྨན་བཅོས། ཕྲུ་གུ་སློབ་གྲྭར་སྐྱོད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱིས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་ལས་མི་བསྡུ་བའི་འདུ་ཚོགས་སྣ་ཚོགས་འཚོགས་པས་མང་ཚོགས་ཁག་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད། ཁོངས་གཏོགས་ཁུལ་གྱི་ལས་ཞུགས་ཐུབ་མེད་པའི་མི་སྣ་སྐུལ་སློང་བྱས་ཏེ་མ་བྱན་དང་། རྒན་གསོའི་ནད་གཡོག ཁྱིམ་ལས་ཞབས་ཞུ། གསོལ་མགྲོན་ཁང་གི་དོ་དམ་དང་ཞབས་ཞུ་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་ནས་མང་ཚོགས་ལས་ཞུགས་བརྟན་པོ་ཐུབ་པར་བྱས་ཡོད། ལོ་འདི་ག་དང་དེ་སྔོན་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བར་དམིགས་ཏེ་སྡེ་ཁུལ་ཏང་ཨུད་ཀྱིས་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་ཁ་གསལ་གྱིས་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བ་38ཀྱི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཤིང་། ཁོ་ཚོ་ལས་མི་བསྡུ་བའི་འདུ་ཚོགས་སྣ་ཚོགས་སུ་ཞུགས་སུ་བཅུག་པར། མིག་སྔར་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བ38ཚང་མ་ལས་ཞུགས་བརྟན་པོ་ཐུབ་ཡོད་པ་རེད།

    གྲོང་མི་ཆོས་ཚེས། དེ་གར་སྤོས་ནས་ལོ་བཞི་ལྔ་ཙམ་སོང་རིང་། སྡེ་ཁུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འཚོ་བ་ཡག་ཏུ་ཕྱིན་པས། ང་ཚོ་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཚོ་བ་སྐྱེལ་སྟངས་ལ་རྦད་དེ་གོམས་འདུག ད་ཆ་ཐག་ཉེ་སར་ལས་ཞུགས་ཀྱང་ཐུབ་པས། འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་ངེས་རེད་ཅེས་བརྗོད།

    སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་བློ་བཟང་ཚུལ་ཁྲིམས་ཀྱིས། འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་ནི་གནད་སྨིན་དབུལ་སྐྱོར་གྱི་ཡུལ་གཞན་དུ་གནས་སྤོས་ཀྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཞིག་ཡིན་ཞིང་། དེ་ནི་ལྷ་ས་གྲོང་ཁྱེར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་དེ་རེད། 2016ལོ་ནས་བཟུང་འདམ་གཞུང་རྫོང་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཤང་དང་གྲོང་རྡལ་11ནས་གཅིག་རྗེས་གཉིས་མཐུད་ངང་སྤོས་པ་ཞིག་རེད། ད་ཆ་སྡེ་ཁུལ་ཏང་ཨུད་ཀྱིས་གནས་སྤོས་མང་ཚོགས་ཀྱི་ལས་ཞུགས་ཐད་མཐོང་ཆེན་གྱིས་མི་དོན་སྡེ་ཚན་དང་རྩལ་ནུས་གསོ་སྦྱོང་སྒྲིག་གཞི་དང་མཉམ་དུ་རྩལ་ནུས་གསོ་སྦྱོང་ཐེངས་མང་བྱས་ནས་ལས་ཞུགས་བརྟན་པོ་ཐུབ་པ་བྱས་ཡོད། མིག་སྔའི་བར་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱི་95%ཡན་གྱི་གནས་སྤོས་ཡུལ་མི་ལས་ཞུགས་བརྟན་པོ་བྱུང་བ་དང་། སྡེ་ཁུལ་གྱིས་ཀྱང་སྨན་བཅོས་དང་སློབ་ཞུགས་ཐད་ཀྱི་ལས་དོན་འབོར་ཆེན་སྤེལ་བས་གྲོང་མི་ཚོ་ད་ཆའི་འཚོ་བར་རྦད་དེ་མཉམ་འདྲེས་ཐུབ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།