མྱང་ཆུའི་ངོགས་ནས་སྙན་དབྱངས་གྲགས།
—— གཞིས་རྩེར་བསྐྱོད་དེ་གསོན་ཤུགས་གསར་པ་དང་ཡིད་དབང་འཕྲོག་ཤུགས་གསར་པར་ཉམས་ལེན་བྱེད་པ།
འདི་ལོའི་ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་ཆ་རྐྱེན། ཕྱི་ཕྱོགས་སྒོ་དབྱེ་སོགས་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ནས། ནུས་ཤུགས་ཡོད་རྒུས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ། ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་མ་ཤུགས་ཆེན་བཏང་བས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད། ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་གྱི་དམིགས་ཚད་ཁག་13གྱི་འཕར་ཚད་རང་སྐྱོང་ལྗོངས་ཀྱི་ཨང་དང་པོར་སླེབས་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་9.5%འཕར་ནས་ལྗོངས་ཡོངས་ལས་བརྒྱ་ཆའི་གྲངས་1.1གིས་མཐོ་བ་ཡོད་པ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་9.3%འཕར་ཡོད་པ་རེད།
མི་ཆོས་རིག་གནས་ཀྱི་གྲོང་ཁྱེར་ལ་ལོ་རྒྱུས་ཡུན་རིང་ལྡན་པ།
གཞིས་རྩེ་ནི་བོད་ཀྱི་རིག་གནས་འབྱུང་ཁུངས་གལ་ཆེན་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་རེད།
རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་དང་པོ་དང་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ——བཀྲས་ལྷུན་དགོན་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ནེ་སེར་རི་གཤམ་དུ་འགྱིང་ངེར་ཆགས་པ་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་དཔང་པོ་དང་རྒྱལ་གཅེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱེད་བཞིན་ཡོད་པ་རེད།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་། གཞིས་རྩེའི་མི་རིགས་ཁག་གི་མང་ཚོགས་ཀྱིས་སྣ་མང་ཕུན་སུམ་ཚོགས་པ་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་དང་འཕེལ་རྒྱས་བཏང་ཡོད། ཇ་རྟ་གནའ་ལམ་དང་ཐང་ནེ་གནའ་ལམ་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པ་དང་། ས་སྐྱ་དགོན་དང་དཔལ་འཁོར་ཆོས་སྡེ་སོགས་རིག་གནས་སྒྱུ་རྩལ་གྱི་བང་མཛོད་ཀྱི་སྙན་གྲགས་གང་སར་ཁྱབ་པ། སྟོད་གཞས་དང་ལྷོ་གཞས་སོགས་དམངས་ཁྲོད་གླུ་གར་གྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པ། རྒྱལ་རྩེ་མཁར་རྫོང་གི་དབྱིན་འགོག་གནའ་ཤུལ་དང་དིང་རི་ཀོན་ཏི་ལྷ་ཁང་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིས་ལོ་རྒྱུས་ཀྱི་དཔང་པོ་བྱས་པ། ཐང་སྟོང་རྒྱལ་པོ་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོགས་ལོ་རྒྱུས་ཀྱི་གྲགས་ཅན་མི་སྣའི་བྱས་རྗེས་གཟེངས་སུ་ཐོན་པ་དང་ཤུགས་རྐྱེན་ཟབ་པ་སོགས་གཞི་རྒྱུ་མང་པོ་ལས་མཉམ་དུ་གྲུབ་པའི་གཞིས་རྩེའི་རིག་གནས་དེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
སྒོ་དབྱེའི་གྲོང་ཁྱེར་ཕྱི་ནང་སྦྲེལ་མཐུད་ཐུབ་པ།
རྒྱལ་ནང་གི“གནམ་ཐང་གཉིས་ལྡན”གྱི་གྲོང་ཁྱེར་ཉུང་ཤས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་གཞིས་རྩེའི་འགྲིམ་འགྲུལ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་ཡོད།
ད་ཆ་གཞིས་རྩེར་འབྱོར་རྗེས་ཞི་བདེ་གནམ་ཐང་དུ་ཡར་ཀླུང་གཙང་པོའི་མཛེས་ལྗོངས་ལ་རོལ་བ་དང་དིང་རི་གནམ་ཐང་ནས་ཐད་ཀར་ཇོ་མོ་གླང་མར་བསྐྱོད་ཆོག་གི་ཡོད།
“ཚེ་འདིར་ངེས་པར་དུ་རླངས་འཁོར་བཏང་ནས་བསྐྱོད་དགོས་པའི”G318དང“རྒྱལ་ཁབ་ཀྱི་ལམ་ཆེན”G219གཞིས་རྩེར་འཕྲེད་བརྒལ་དུ་ཆགས་ཡོད། ད་དུང“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་ལ་སྡོད་ཆོག་པ་དང་ཡང་ན་རླངས་འཁོར་བཏང་སྟེ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཉེར་ཡོད་པའི་གཡག་རྔ་ནས་ཡེ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་ལྷ་ས་ནས་གཞིས་རྩེ་བར་གྱི་ལམ་དུམ་བརྒྱུད་ཡུལ་སྐོར་དུ་བསྐྱོད་ཆོག
གཞིས་རྩེ་ནི་མཐའ་མཚམས་ཀྱི་གྲོང་ཁྱེར་ཆེ་གྲས་ཤིག་ཡིན་ཞིང་། རྒྱ་གར་དང་། ནེ་པ་ལ། འབྲུག་ཡུལ་བཅས་རྒྱལ་ཁབ་གསུམ་དང་ས་མཚམས་འབྲེལ་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་སྐམ་སའི་ཚོང་འགྲུལ་འགག་སྒོ་དྲུག་གི་ནང་ནས་འགག་སྒོ་5གཞིས་རྩེར་ཡོད་པས་མཐའ་མཚམས་ཚོང་དོན་གྱི་ལེགས་ཆ་ཧ་ཅང་ཡག་པོ་ཡོད། དེ་ནི་རྒྱལ་ཁབ་ཀྱི་ས་ཁོངས་རིམ་པའི་འཁོར་རྒྱུག་ལྷུ་ཚིགས་གྲོང་ཁྱེར་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་དང“རྒྱུད་གཅིག་ལམ་གཅིག”དང་མཐའ་མཚམས་རྒྱུད་ཀྱི་ས་ཁུལ་གསར་སྤེལ་སྒོ་དབྱེའི་རྣམ་པ་གསར་པ་གཏོད་པའི་ཁྲོད་དམིགས་བསལ་གྱི་འཐབ་ཇུས་གནས་བབ་བཟུང་ཡོད།
གླིང་མང་པོ་ཞིག་གིས་གཞིས་རྩེ་གྲོང་ཁྱེར་གྱི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་མཐའ་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་བཀོད་པར་འདེགས་སྐྱོར་བྱས་ཡོད། སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་2.2ཟིན་ཞིང་། དེ་ནི་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྐྲུན་པའི་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་དང་། སྐམ་སའི་མཐའ་མཚམས་འགག་སྒོའི་རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས། སྐྱེ་ཁམས་རྣམ་པའི“འགག་སྒོའི་གྲོང་གསར”བཅས་ཡིན་པ་དང་། རྒྱལ་སྤྱིའི་ཚོང་དོན་དང་། དེང་རབས་ཀྱི་ཟོག་འགྲེམས། མཐའ་མཚམས་ཚོང་དོན་ལས་སྣོན་སོགས་ཀྱི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་གི་ཡོད། གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འཆར་འགོད་ཚོད་འཛིན་ཁྱབ་ཁོངས་སྤྱི་ལེ་ངོས་གྲུ་34ཟིན་པ་དང་དེ་ནི་རང་སྐྱོང་ལྗོངས་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་ཡིན་ཞིང་། རྒྱུ་ཆ་གསར་པ་དང་། ནུས་རྒྱུ་གཙང་མ། མཛོད་ཉར་ཟོག་འགྲེམས། ས་མཐོའི་སྐྱེ་དངོས་སོགས་ཀྱི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་གི་ཡོད། གཞིས་རྩེ་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་བསམ་བཀོད་ཐོན་ལས་གླིང་གི་འཆར་འགོད་རྒྱ་ཁྱོན་མུའུ་ཁྲི་1ཙམ་ཟིན་པ་དང་རིག་གནས་སྤྲོ་གསེང་དང་། རིག་གནས་བསམ་བཀོད། ཡུལ་སྲོལ་གོམས་འདྲིས་ཁྲོམ་གཞུང་སོགས་ཀྱི་ཐོན་ལས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་གི་ཡོད། གཞིས་རྩེ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་གིས་ལ་ལྷོ་དང་། ལྕགས་འདམ། མྱང་ཆུ། ཤང་ཆུ་བཅས་དེང་རབས་ཀྱི་ཞིང་ལས་དཔེ་སྟོན་གླིང་4འདེགས་སྐྱོར་དུ་བྱས་ཏེ་ཤིང་འབྲས་དང་། སྔོ་ཚལ། བོད་སྨན་གྱི་སྨན་རྒྱུ། ནས། ནོར་ལུག་བཅས་འདེབས་འཛུགས་གསོ་ཚགས་ལས་སྣོན་ལ་གཙོ་གནད་ཐོག་འཕེལ་རྒྱས་གཏོང་གི་ཡོད།
ཐོན་ལས་གྲོང་ཁྱེར་ལས་རིགས་ཀྱི་འཕེལ་རྒྱས་དང་ཡུལ་སྐོར་ལ་འཚམ་པ།
གཞིས་རྩེ་གྲོང་ཁྱེར་ནི་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ཞིང་། ཞིང་ལས་སྐྱེ་དངོས་འདེབས་ཁྱོན་ལོ་ལྟར་མུའུ་ཁྲི་140ཡས་མས་སུ་བརྟན་པོར་གནས་པ་དང་འབྲུ་རིགས་ཐོན་ཚད་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་40%ཙམ་ཟིན་པ་ལས་ནས་ཀྱི་ཐོན་ཚད་ཀྱིས་ལྗོངས་ཡོངས་ཀྱི་ཕྱེད་ཀ་ཙམ་ཟིན་གྱི་ཡོད། ས་མཐོའི་སྐྱེ་ལྡན་ཤིང་འབྲས་དང་། སྔོ་ཚལ། བོད་བྱའི་སྒོང་སོགས་ཀྱི་ཐོན་རྫས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་ནས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། བོད་སྨན་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། དབྱར་རྩྭ་དགུན་འབུ་དང་། ཨ་བྷི་ཥ། གངས་ལྷ་མེ་ཏོག་སོགས་རྩ་ཆེའི་སྨན་རྩྭ་སྣ་ཁ་300ལྷག་ཙམ་ཟིན་གྱི་ཡོད།
གཞིས་རྩེར“རི་བོ་སྟོང་གི་རྩེ་མོ་དང་ཆུ་མོ་ཁྲི་ཡི་འབྱུང་ཁུངས”ཞེས་བརྗོད་པ་དང་རང་བྱུང་ཁམས་ཆེ་མོ་ལས་བརྗིད་ཆགས་ཤིང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བཏོད་ཡོད། དེ་གར་མུ་འབྲེལ་གྱི་གངས་རི་དང་འཛམ་གླིང་ཐོག་ས་བབ་མཐོ་ཚད་སྨི་8000ལས་བརྒལ་བའི་རི་བོ་5ཡོད་པ་དང་། དེ་གར་ནགས་ཚལ་སྟུག་ཅིང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་འདྲེན་ཐང་ལུང་ཤུར་དང་། ཀརྨ་རོང་། སྐྱིད་གྲོང་། འགྲམ་ལུང་ཤུར། གྲོ་མོ་རོང་བཅས་སྨུག་སྤྲིན་གྱི་ཁྲོད་དུ་ཡིབ་པའི“གནས་མཆོག་ལྷ་ཡུལ”དང“ས་མཐོའི་སྔོ་ལྗང་ཁུལ”ཞིག་དང་གཉིས་སུ་མ་མཆིས། དེ་གར་རྩྭ་ཐང་ཡངས་ཤིང་རྒྱ་ཆེ་བ་དང་ས་མཐོའི་མཚོ་དང་མཚེའུ་མང་པོ་སྔོ་ལྗང་རྩྭ་ཐང་ལ་ཕྲ་རྒྱན་བཏབ་པ་ལྟར་སྣང་། གཞིས་རྩེ་གྲོང་ཁྱེར་དུ་A5རིམ་པའི་མཛེས་ལྗོངས་ཁུལ་1དང་A4རིམ་པའི་མཛེས་ལྗོངས་ཁུལ་6ཡོད་པ་དང་ལོ་རེར་ཆ་སྙོམས་ཡུལ་སྐོར་བ་ཁྲི་སྟོང་མང་པོར་སྣེ་ལེན་ཞུ་བ་དེ་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཡིད་སྨོན་བྱེད་སའི་ཡུལ་སྐོར་གྱི་གནས་མཆོག་དང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་ཞིག་རེད།
འགོ་འཛུགས་ས་གསར་པ་དང་རྒྱང་ལམ་གསར་པར་གཞིས་རྩེ་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་བཙུགས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”དམིགས་པ་དང་། བྱེད་ཕོད་པ་དང་། གདོང་ལེན་ཕོད་པ། སྒྲུབ་ཕོད་པ། གསར་གཏོད་བྱེད་ཕོད་པ་བཅས“བྱེད་ཕོད་པ་བཞིའི”བླང་བྱ་ལག་ལེན་ཤུགས་ཆེན་བསྟར་ནས། རིག་གནས་ཡུལ་སྐོར་ཐོན་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས། མཐའ་མཚམས་ཚོང་དོན་ཟོག་འགྲེམས་ཐོན་ལས་སོགས་གཙོ་གནད་དུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དོན་དངོས་དང་འཚམ་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་སྐྱོད་བཞིན་ཡོད།