ཁྱིམ་བདག་ལ་མགོ་སྐོར་གཏོང་སྟངས་གསར་པ་ཞིག་ཐོན་འདུག ཡིད་གཟབ་གནང་།
སློབ་གྲྭ་ཚུགས་རྗེས། དབྱར་གསེང་རིང་ཁ་ཁུ་སིམ་པའི་ཁྱིམ་བདག་ཚོགས་པ་སླར་ཡང་འཁྲུག་ཆ་དོད་དུ་སོང་ནས་ཁྱིམ་བདག་ཚོས་རང་གི་ཕྲུ་གུའི་སྐོར་གླེང་འགོ་ཚུགས། འོན་ཏེ་སྐད་འཕྲིན་ཚོགས་པའི་ནང་གླེང་མོལ་བྱེད་སྐབས་ཚང་མས་དོགས་ཟོན་བྱས་ནས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་།
གྱོད་དཔེ་དངོས།
ཉེ་ཆར། འཛིན་གྲྭའི་ཀྲུའུ་རེན་རྒན་ལི་ལགས་ཀྱིས་སློབ་དུས་གསར་པའི་གྲ་སྒྲིག་ལས་ཀ་བྱེད་སྐབས། གློ་བུར་དུ་ཁྱིམ་བདག་ཞིག་གི་ཁ་པར་སླེབས་ནས། དངངས་འཚབ་ཆེན་པོས“འཛིན་གྲྭའི་སྐད་འཕྲིན་ཚོགས་པར་མི་ཞིག་གིས་ཁྱེད་རང་ལ་བརྫུས་ནས་འཛིན་གྲྭའི་གྲོན་དངུལ་བསྡུ་གི་འདུག”ཅེས་བཤད།
རྒན་ལི་ལགས་ཀྱིས་གནས་ཚུལ་དེ་ཤེས་མ་ཐག་སྐད་འཕྲིན་བལྟས་པས། མི་ངོ་མ་ཤེས་པ་ཞིག་འཛིན་གྲྭའི་ཚོགས་པའི་ནང་ཡོད་པ་མ་ཟད། མི་འདིའི་ངོ་པར་དང་མིང་ཚང་མ་རང་ཉིད་དང་གཅིག་པ་གཅིག་རྐྱང་ཡིན་ཞིང་། རང་གི་མིང་ཐོག་ནས་དངུལ་བསྡུ་རྒྱུའི་འཕྲིན་ཐུང་བསྐུར་བ་དང་འབྲེལ་ཁྱིམ་བདག་ཚང་མར་དངུལ་མགྱོགས་པོ་སྐྱེལ་དགོས་པའི་བརྡ་བཏང་ཡོད། སྟབས་ལེགས་པ་ཞིག་ལ་མིག་སྔར་ཁྱིམ་བདག་གཅིག་གིས་མ་གཏོགས་དངུལ་བསྐུར་མེད། རྒན་ལི་ལགས་ཀྱིས་འཕྲལ་དུ་ཁྱིམ་བདག་ཚོགས་པའི་ནང་དྲན་སྐུལ་བྱས་རྐྱེན་ཚང་མས་གཞི་ནས་མི་འདི་མགོ་སྐོར་གཏོང་མཁན་ཡིན་པ་ཤེས།
མགོ་སྐོར་གཏོང་མཁན་ཡང་སྙིང་ཇི་ལྟར་བྱས་ནས“ཁྱིམ་བདག་ཚོགས་པའི”ནང་དུ་འཛུལ་བ་ཡིན་ནམ། གཡོ་ཐབས་གསུམ་པོ་འདི་དག་ལ་དོགས་ཟོན་བྱེད་དགོས།
1.ངོ་ཤེས་བཏང་ནས་ཚོགས་པའི་རྩ་གཉིས་ཨང་རྟགས་རག་ཐབས་བྱེད་པ།
ཁྲིམས་འགལ་བས་སློབ་གྲྭའི་སྒོ་འགྲམ་དུ་བསྡད་ནས་ཁྱིམ་བདག་གཞན་དང་ཁ་བརྡ་གློད་དེ་ངོ་ཤེས་བཏང་རྗེས། ཁྱིམ་བདག་ས་ནས་འཛིན་གྲྭ་སོ་སོའི་ཚོགས་པའི་རྩ་གཉིས་ཨང་རྟགས་རག་ཐབས་བྱེད་ཀྱི་ཡོད། སྐད་འཕྲིན་ཚོགས་པ་མང་པོ་ཞིག་གིས་ཚོགས་གཙོའི་ཞིབ་དཔྱད་བྱེད་ནུས་ཁ་ཕྱེ་མེད་པས། ཁྲིམས་འགལ་བས་ཐད་ཀར་ཨང་གྲངས་བཤེར་ན་ཚོགས་པའི་ནང་དུ་འཛུལ་ཐུབ་ཀྱི་ཡོད།
2.ངོ་པར་བརྗེས་ཏེ་གོ་སྐབས་བཙལ་ནས་བྱེད་སྤྱོད་སྤེལ་བ།
མགོ་སྐོར་གཏོང་མཁན་སྐད་འཕྲིན་ཚོགས་པའི་ནང་འཛུལ་རྗེས། སློབ་མའི་ཁྱིམ་བདག་ལ་བརྫུས་ནས་འཛིན་གྲྭའི་ཀྲུའུ་རེན་གྱི་QQདང་སྐད་འཕྲིན་སྣོན་གྱི་ཡོད། སྤྱིར“སློབ་མ་xxxཡི་པ་ཕ/ཨ་མ”ཞེས་ཟུར་མཆན་བཀོད་ནས་འཛིན་གྲྭའི་ཀྲུའུ་རེན་གྱི་བརྡ་ཐོ་གཏོང་སྟངས་སོགས་ལ་ལྟ་ཞིབ་བྱེད་པ་དང་། གོ་སྐབས་བཙལ་ནས་རང་ཉིད་ཀྱི་ངོ་པར་འཛིན་གྲྭའི་ཀྲུའུ་རེན་གྱི་ངོ་པར་ལ་བརྗེ་པོ་བརྒྱབ་པ་མ་ཟད། རང་ཉིད་ཀྱི་ཟུར་མཆན་འཛིན་གྲྭའི་ཀྲུའུ་རེན་དང་གཅིག་པ་གཅིག་རྐྱང་དུ་བསྒྱུར་ཏེ། ཚོགས་པའི་ནང་འབྲེལ་ཡོད་བརྡ་ཐོ་བཏང་ནས་སློབ་ཡོན་དང་གསོ་སྦྱོང་གྲོན་དངུལ་སོགས་བསྡུ་དགོས་པའི་རེ་བ་བཏོན་གྱི་ཡོད།
3.རྒན་ལགས་སློབ་ཁྲིད་བྱེད་པའི་སྐབས་དང་བསྟུན་ནས་ཁ་བསླུས་རྒྱག་པ།
ལས་རིགས་ཀྱི་དམིགས་བསལ་རང་བཞིན་དབང་གིས། དགེ་རྒན་མང་པོ་ཞིག་གིས་ཆ་འཕྲིན་འབྱོར་བའི་སྐབས་སྐད་མེད་པ་བཟོ་བའམ་ཡང་ན་སློབ་ཚན་འཚོག་སྐབས་ལག་ཐོགས་ཁ་པར་བཀག་གི་ཡོད་པས། ཁྲིམས་འགལ་བས་དུས་ཚོད་དེ་དང་བསྟུན་ནས་བྱེད་སྤྱོད་སྤེལ་ཏེ་ཁ་བསླུས་རྒྱག་གི་ཡོད།
ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ།
1.འཛིན་གྲྭའི་ཀྲུའུ་རེན་གྱིས་དུས་ཐོག་ཏུ་རང་གི་འཛིན་གྲྭའི་ཁོངས་མིའི་ཐོབ་ཐང་ལ་ཞིབ་དཔྱད་བྱེད་དགོས་པ་དང་། དོགས་པ་ཡོད་ཚེ་འཕྲལ་མར་ཚོགས་པ་ནས་ཕྱིར་འབུད་བྱེད་དགོས་པ་དང་ཆབས་ཅིག ཚོགས་པའི་ནང་ཞུགས་པའི་ཞིབ་དཔྱད་བྱེད་ནུས་སྤྱད་དེ་ཆ་རྒྱུས་མེད་པའི་མི་རང་དགར་འཛིན་གྲྭའི་QQཚོགས་པ་དང་སྐད་འཕྲིན་ཚོགས་པའི་ནང་འཛུལ་རྒྱུར་དོགས་ཟོན་བྱེད་དགོས་པ་དང་། ཚོགས་པའི་ནང་བཅུག་སྐབས་འབྲེལ་ཡོད་ཆ་འཕྲིན་ལ་སླར་ཡང་ཞིབ་དཔྱད་ནན་པོ་བྱེད་དགོས།
2.ཁྱིམ་བདག་ཚོས་སྐད་འཕྲིན་གྱི་ཚོགས་པའི་མིང་དང་རྩ་གཉིས་ཨང་རྟགས་སོགས་ཀྱི་ཆ་འཕྲིན་གང་བྱུང་དུ་གཞན་ལ་ཤོད་མི་རུང་ལ། འཛིན་གྲྭའི་ཀྲུའུ་རེན་གྱི་ཁ་པར་ཨང་གྲངས་ཡག་པོ་ཉར་བ་དང་སློབ་གྲྭའི་གྲོན་བསྡུའི་སྲིད་ཇུས་དང་བརྒྱུད་རིམ་ཤེས་རྟོགས་བྱེད་དགོས་པ་ལས། ཚོགས་མིས་བསྐུར་དགོས་པའི་གྲོན་དངུལ་གྱི་ཆ་འཕྲིན་སོགས་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་།
3.གལ་ཏེ་དགེ་རྒན་ཡིན་ཟེར་ནས་དངུལ་སྒྱུར་བའམ་ཡང་ན་དངུལ་ཁང་གི་རྩིས་ཁྲ་དང་གསང་བའི་ཨང་གྲངས་སོགས་ཤོད་དགོས་པའི་རེ་བ་བཏོན་ཚེ། ཁྱིམ་བདག་ཚོས་དུས་ཐོག་ཏུ་དགེ་རྒན་དང་སློབ་གྲྭའི་འགན་འཁུར་བ་བཙལ་ནས་གནས་ཚུལ་ངོ་མ་ཡིན་མིན་བརྟག་དཔྱད་བྱེད་དགོས་པ་ལས། རྨོངས་ཚོད་ཀྱིས་དངུལ་སྒྱུར་བའམ་ཡང་ན་མི་སྒེར་གྱི་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱེད་མི་རུང་།