དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཛེས་སྡུག་འབྱོར་ཕྱུག་ལྡན་པའི་གྱེས་ཕུག་གྲོང་ཚོ།

    —— གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་རྫོང་སྐྱིད་རོང་གྲོང་རྡལ་གྱེས་ཕུག་གྲོང་ཚོའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་བརྟན་རྡོ་རྗེ། ཉི་མ་ཚེ་རིང་། ཉི་མ་ཆོས་སྒྲོན།   |     སྤེལ་དུས།  2023-09-05

    འདི་ནི་ཕུར་བུའི་ཁྱིམ་ཚང་མགྲོན་ཁང་ཡིན་པ།

    དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།

    འདི་ནི་སྐྱིད་རོང་གྲོང་རྡལ་གྱེས་ཕུག་གྲོང་ཚོའི་རྣམ་པ་ཡིན་པ།

    འདི་ནི་བློ་བཟང་གི་ཚོང་ཁང་ཡིན་པ།

    འདི་ནི་བསོད་ནམས་རྡོ་རྗེས་སྨྱུག་མ་སླ་བཞིན་པ།

    འདི་ནི་གྱེས་ཕུག་གྲོང་ཚོའི་ཟུར་ཞིག་ཡིན་པ།

    གྱེས་ཕུག་གྲོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་རྫོང་སྐྱིད་རོང་གྲོང་རྡལ་གྱི་ཤར་ལྷོའི་མཚམས་སུ་གནས་པ་དང་། གྲོང་རྡལ་ནས་བར་ཐག་སྤྱི་ལེ་3ལས་མེད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་ཡོད། དེ་ནི་དུད་ཚང་23དང་མི་109ལས་མེད་པའི་གྲོང་ཚོ་ཆུང་ངུ་ཞིག་རེད། གྲོང་ཚོའི་ས་བབ་མཐོ་ཚད་ལ་སྨི་2870ཙམ་ཡོད་པ་དང་། གྲོང་ཚོ་ཡོངས་ལ་རྨོ་ཞིང་རྒྱ་ཁྱོན་མུའུ་146དང་། རྩྭ་ཐང་རྒྱ་ཁྱོན་མུའུ་30874 ཞིང་ཁའི་རྒྱ་ཁྱོན་མུའུ་146.4བཅས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཚོ་ཡོངས་ཀྱི་ཞིང་ལས་དང་། ནགས་ལས། འབྲོག་ལས་བཅས་གསུམ་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་85.6ཟིན་པ་ལས། ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་37ཟིན་པ་དང་། འབྲོག་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་28ཟིན་པ། ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་20.6ཟིན་ཡོད་པ་རེད།

    ཁོར་ཡུག་བཟང་པོའི་མཐུན་རྐྱེན་འོག ཡུལ་སྐོར་བྱ་གཞག་དབྱར་མཚོ་རྒྱས།

    གྱེས་ཕུག་གྲོང་ཚོ་ནི་མཚོ་བོད་ས་མཐོའི་ལྷོ་ནུབ་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་གནས་ཡོད་པས།  ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་རང་བྱུང་མཛེས་ལྗོངས་ཀྱིས་གྱེས་ཕུག་གྲོང་ཚོར་བཀྲག་མདངས་ཆེན་པོ་ཞིག་བསྣན།

    གྱེས་ཕུག་གྲོང་ཚོའི་ཡུལ་མིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བློ་ལ་བརྟན་པོར་ངེས་ནས་འཚོ་བའི་ཁོར་ཡུག་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་ཡོང་ཆེད། རང་ཉིད་ནས་འགོ་བཙུགས་ཏེ་ལུགས་རྙིང་སྲོལ་ངན་དོར་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་བྱ་སྤྱོད་ནང་ཧུར་ཐག་ཞུགས་པ་དང་འབྲེལ། དེ་ཉིད་ཡུལ་སྲོལ་དམངས་ཆིངས་ནང་བཅུག་པ་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་ཚོའི་ཁོར་ཡུག་བཟང་པོར་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།

    གྲོང་ཚོའི་ཀྲུའུ་རེན་ནོར་བུ་ཚེ་རིང་གིས“རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གྲོང་ཚོའི་འགྲོ་ལམ་དང་། ལམ་སྒྲོན། ཁྱིམ་ཚང་གི་སྒོ་ར་སྔོ་འགྱུར་སོགས་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་བས། གྱེས་ཕུག་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ད་ཆ་ང་ཚོས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གོ་སྐབས་ལ་དམ་འཛིན་བྱས་ནས། གྱེས་ཕུག་གྲོང་ཚོའི་ལོ་རྒྱུས་རིག་གནས་དང་། རང་བྱུང་མཛེས་ལྗོངས། གྲོང་གསེབ་ཀྱི་ཉམས་འགྱུར་བཅས་ཀྱི་དམིགས་བསལ་ལེགས་ཆ་གང་ལེགས་བཏོན་ཏེ། ཡུལ་སྐོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་མཉམ་དུ་ཡོང་བར་བྱས་ཡོད”ཅེས་བཤད།

    གཞིས་རྩེར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་སྒང་ལ་རིག་གནས་ལོ་རྒྱུས་ཧ་ཅང་ཡུན་རིང་ལྡན་སྟབས། རང་ལྗོངས་ཀྱི་ཡུལ་སྐོར་དམིགས་སའི་ཁུལ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། གཞིས་རྩེས་ཁུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་སོགས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཡུལ་སྐོར་དང་། གསར་བརྗེའི་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཕྱིན་པ་དང་མང་ཚོགས་རྣམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དང་སྐྱོད་མུས་ཡིན་པ་རེད།

    གྱེས་ཕུག་གྲོང་ཚོར་གྱེས་ཕུག་གྲོག་རོང་མཛེས་ལྗོངས་ཁུལ་སོགས་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་སྐྱིད་རོང་གྲོང་རྡལ་དུ་ཡུལ་སྐོར་ལ་ཡོང་སྐབས། གྲོང་ཚོ་དེ་ཉིད་ཐོག་མའི་གདམ་ག་བྱ་ཡུལ་ཞིག་རེད། ཡུལ་སྐོར་སྤྲོ་འཆམ་གྱི་ཚ་རླབས་འཕྱུར་བ་དང་བསྟུན་ནས་ཡུལ་སྐོར་ཡོང་འབབ་ནི་མང་ཚོགས་ཚོའི་ཡོང་སྒོ་གལ་ཆེན་དུ་གྱུར་ཡོད། དེ་མིན། ཡུལ་མིའི་ཡོང་སྒོར་སྔོག་འཐུའི་ལས་རིགས་ཀྱི་ཡོང་འབབ་དང་སྲིད་ཇུས་རང་བཞིན་གྱི་ཡོང་འབབ། འགྲུལ་སྐྱེལ་ལས་རིགས་ཀྱི་ཡོང་འབབ་སོགས་ཡོད་པས། 2022ལོར་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་22500ཙམ་ཟིན་ཡོད། གྱེས་ཕུག་གྲོང་ཚོར་ཡུལ་སྐོར་འཕེལ་རྒྱས་ཡག་པོ་བྱུང་བར་བརྟེན་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོར་འཛུགས་སྐྲུན་བྱེད་བཞིན་མཆིས།

    གྱེས་ཕུག་གྲོང་ཚོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་བསྟུན་ནས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ལས་ཀ་གལ་ཆེན་དུ་གྱུར་ཡོད། དེའི་ནང་བཙོག་ཆུ་གཙང་གསིང་དང་གསང་སྤྱོད་གསར་སྒྱུར་ནི་ཁོར་ཡུག་སྲུང་སྐྱོང་དང་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་ཡོང་བའི་བྱ་བ་ཞིག་རེད། གྱེས་ཕུག་གྲོང་ཚོས་དོན་དངོས་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་ལག་བསྟར་བྱས་ནས། གྲོང་ཚོ་ཡོངས་སུ་སྟབས་བདེའི་བཙོག་ཆུ་གཙང་གསིང་སྒྲིག་ཆས་གཉིས་བསྐྲུན་པར་ཉིན་ལྟར་ཆུ་གཙང་གསིང་བྱེད་ཚད་ཏུན་15ཟིན་གྱི་ཡོད་པ་དང་། མིག་སྔར་ཁྱིམ་ཚང་ཡོངས་ཀྱི་གསང་སྤྱོད་སྒྱུར་བཀོད་ལས་ཀ་ཡོངས་སུ་ཚར་ཡོད་པ་རེད།

    ད་ལྟ་རང་བྱུང་ཁོར་ཡུག་མཛེས་ལ་མང་ཚོགས་ཀྱི་སྡོད་ཁང་སྐྱིད་པ། གྲོང་ཚོའི་རྣམ་པ་ལེགས་པའི་གྱེས་ཕུག་གྲོང་ཚོ་ཞིག་ང་ཚོའི་མིག་ལམ་དུ་འཆར་བཞིན་མཆིས།

    གྲོང་གསེབ་དར་རྒྱས་ལམ་དུ་སྐྱོད། ཡུལ་མིའི་ཡོང་འབབ་གང་མང་འཕར།

    རང་ལྗོངས་ཀྱི་ཡུལ་སྐོར་རིག་གནས་ཁོངས་གཏོགས་ཀྱིས“རྫོང་རེ་ལ་ཐོན་རྫས་རེ་དང་ཁྱད་ཆོས་རེ་ཡོད་པ་དང་། རྫོང་དང་རྫོང་དབར་གྱི་ཡུལ་ལྗོངས་ལ་ཁྱད་པར་ཡོད་པར་བྱེད་པའི”བསམ་ཕྱོགས་ལ་དམིགས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་དང་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རྫོང་གྲགས་ཅན་བསྐྲུན་ནས་གྲོང་གསེར་དར་རྒྱས་དང་མང་ཚོགས་ལ་ཡོང་འབབ་འཕར་བར་བྱེད་ཀྱི་ཡོད།

    སྐྱིད་རོང་རྫོང་གི་ཞིང་ལས་ཐོན་ལས་དང་། ནགས་ལས་ཐོན་ལས། རིག་གནས་ཡུལ་སྐོར་ཐོན་ལས། མཐའ་མཚམས་ཉོ་ཚོང་ཐོན་ལས་བཅས་ཉིན་བཞིན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྐྱིད་རོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གྱེས་ཕུག་གྲོང་ཚོ་འཕེལ་རྒྱས་ཀྱི་ས་བོན་ལེགས་པོ་ཞིག་ཏུ་བརྩིས་ནས་གཙོ་གནད་དུ་སྲུང་སྐྱོང་བྱས་ཡོད་པ་རེད།

    གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་དང་། ཁྱད་ལྡན་ལེགས་ཆ་འདོན་སྤེལ། ཡུལ་མིའི་འབབ་འཕར་བཅས་མངོན་འགྱུར་ཇི་ལྟར་ཡོང་བ་བྱ་རྒྱུ་ནི་གྱེས་ཕུག་གྲོང་ཚོའི་མདུན་དུ་གནས་པའི་དཀའ་གནད་ཅིག་རེད།

    སྐྱིད་རོང་ནགས་ཁུལ་གྱི་སྨྱུག་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་། སྨྱུག་བཟོ་བའི་ལག་རྩལ་ཅུང་ཞན་སྟབས། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་པོ་མེད་པའི་གནས་ཚུལ་ཐོན་གྱི་ཡོད། 2012ལོའི་ཟླ་9པར་གྱེས་ཕུག་གྲོང་ཚོས་གྲོང་ཚོའི་དོན་དངོས་ལ་གཞིགས་ནས། གྱེས་ཕུག་སྨྱུག་བསླས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། སྔ་རྗེས་སུ་སྒོར་ཁྲི་45བཏང་ནས་སྨྱུག་བསླས་བཟོ་ཁང་དང་བྲིན་ཚོང་བྱ་ཡུལ་སོགས་བསྐྲུན་པ་རེད། སྨྱུག་བསླས་མཉམ་ལས་ཁང་བཙུགས་པ་ནས་བཟུང་སྔ་རྗེས་སུ་སི་ཁྲོན་དང་ལྷོ་ཁ་སོགས་ནས་སྨྱུག་བསླས་ལག་རྩལ་མཁས་པ་གདན་དྲངས་ཏེ་མཉམ་ལས་ཁང་གི་ཁོངས་མིར་སྨྱུག་བསླས་རྩལ་ནུས་གསོ་སྦྱོང་བྱས་རྗེས། མང་ཚོགས་ཚོས་ཤིང་འབྲས་བླུགས་ས་དང་། མེ་ཏོག་སི་ར། སླེལ་པོ་སོགས་སྨྱུག་བཟོས་ཐོན་རྫས་རིགས་བདུན་བརྒྱད་ཙམ་བསླས་ཐུབ་ཀྱི་ཡོད་པ་རེད།

    གྲོང་ཚོའི་ཀྲུའུ་རེན་ནོར་བུ་ཚེ་རིང་གིས“ང་ཚོའི་སྨྱུག་མའི་ཐོན་རྫས་ལྷ་སའི་པའེ་དབྱི་སྒོ་རྩིས་ཚོང་ཁང་སོགས་ཚོང་ཁང་མང་པོར་འཚོང་མྱོང་ཡོད་ལ་ཉོ་མཁན་ཡང་མང་པོ་འདུག སྨྱུག་མའི་ཐོན་རྫས་ཀྱི་ཚོང་ཡག་པོ་བྱུང་རྗེས། ཐོན་རྫས་བཟོ་རྩལ་སྐྱིད་རོང་ནགས་ཁུལ་གྱི་གྲོང་ཚོ་གཞན་བཞི་ལྔ་ཙམ་ལ་དར་ཁྱབ་བཏང་ནས། ལས་ཞུགས་མང་དུ་བཏང་ཡོད་པས། ཡུལ་མིའི་ཡོང་འབབ་ཀྱང་མང་དུ་འགྲོ་བཞིན་ཡོད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། གྱེས་ཕུག་གྲོང་ཚོས་ཞིང་ལས་ཐོན་རྫས་ཕྱིར་ཚོང་དང་ནགས་ལས་ཐོན་ཁུངས་འདེབས་འཛུགས་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། མཉམ་ལས་ཁང་གི་གཉེར་སྐྱོང་ཁྱབ་ཁོངས་སྔར་བས་ཆེ་རུ་གཏོང་བཞིན་མཆིས།

    གྱེས་ཕུག་གྲོང་ཚོས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ས་ཁམས་ཀྱི་གནས་བབ་དང་གནམ་གཤིས་ཀྱི་ལེགས་ཆར་གཞིགས་ནས། ཀོ་ཤ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱེད་ཀྱི་ཡོད། ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་འབྲེལ་གྱིས་ཀོ་ཤ་འདེབས་པ་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་བྱས་ཏེ། ཡུལ་མིའི་ཡོང་འབབ་འཕར་བའི་ལམ་བུ་གསར་པ་ཞིག་བཙལ་ཡོད།

    དེ་མིན། གྱེས་ཕུག་གྲོང་ཚོས་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བའི་གོ་སྐབས་ལ་དམ་འཛིན་བྱས་ནས་མ་དངུལ་སྒོར་ཁྲི་1000བཏང་སྟེ། ཁྱིམ་ཚང་23ཡི་ནང་ནས་19ལ་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད་པ་རེད།

    ཕུར་བུ་ནི་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་ཞིག་ཡིན་པ་དང་། ཁོང་གིས་གསར་འགོད་པར“གཞུང་ནས་ང་ཚོའི་ཡོང་འབབ་འཕར་ཆེད་མ་དངུལ་བཏང་སྟེ། ཁང་པར་བཟོ་བཅོས་བརྒྱབ་ནས་ཐོག་ཁར་ཁྱིམ་ཚང་མགྲོན་ཁང་བཟོས་ཡོད། ཁྱིམ་ཚང་མགྲོན་ཁང་གི་ཆ་རྐྱེན་ཡག་པོ་ཡོད་པའི་སྒང་ལ་གྲོང་ཚོའི་ཁོར་ཡུག་མཛེས་པོ་དང་སྐྱིད་པོ་ཡོད་པས་ཡུལ་སྐོར་བ་ཞག་སྡོད་བྱེད་པར་དགའ་པོ་བྱེད་ཀྱི་འདུག ད་ལོ་ང་ཚོའི་གྲོང་ཚོར་ཡུལ་སྐོར་བ་ཧ་ཅང་མང་པོ་སླེབས་སོང་། ངའི་ཁྱིམ་ཚང་མགྲོན་ཁང་ལ་སྡོད་མཁན་མང་པོ་བྱུང་བས་ཡོང་འབབ་ཀྱང་མང་དུ་འགྲོ་བཟོ་རེད” ཅེས་བཤད།

    བློ་བཟང་ནི་གྱེས་ཕུག་གྲོང་ཚོའི་ཡོང་འབབ་མང་ཤོས་ཀྱི་ཡུལ་མིའི་གྲས་ཤིག་རེད། 2001ལོར་པེ་ཅིང་ནས་ཡུལ་སྐོར་ལ་ཡོང་བའི་ལི་ཅན་གོ་ཟེར་བ་ཞིག་བློ་བཟང་དང་ངོ་ཤེས། ལི་ཅན་གོ་ཡིས་གྲོང་ཚོར་ཡུལ་སྐོར་བ་མང་པོ་ཡོད་ཀྱང་། ཟས་རིགས་དང་ཐོན་རྫས་ཀྱི་ཚོང་ཁང་མེད་པ་ཚོར་ནས། ཁོང་གིས་བློ་བཟང་དང་ཅི་འཕྲོས་མོལ་འཕྲོས་བྱེད་དུས་གྲོང་ཚོར་ཚོང་ཁང་གཉེར་ན་ཡག་པོ་ཡོད་པའི་གྲོས་འགོ་བཏོན་པར་བློ་བཟང་གིས་གྲོས་འགོ་དང་ལེན་བྱས་ནས་ཚོང་ཁང་བཙུགས་པས། ད་ཆ་བློ་བཟང་གི་ཁྱིམ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་15ཙམ་ཡོང་གི་ཡོད།

    བློ་བཟང་གིས“ངས་ཁྱིམ་གྱི་སྡོད་ཁང་གི་གཅིག་ཐོག་ལ་ཚོང་ཁང་བཙུགས་པ་དང་གཉིས་ཐོག་ལ་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད། ད་ལྟ་ཡུལ་སྐོར་བ་མང་བའི་དུས་ཡིན་པས། ཚོང་ཁང་ནང་ཡུལ་སྐོར་ཐོན་རྫས་ཉོ་མཁན་མང་པོ་འདུག ཡུལ་སྐོར་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ཡོང་བའི་དུས་བཟང་དེ་ལ་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་གིན་ཡོད”ཅེས་བཤད།

    གྱེས་ཕུག་གྲོང་ཚོ་ནི་རང་བྱུང་ཁོར་ཡུག་ལ་བརྟེན་ནས་གྲོང་ཚོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་། ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་གཉེར་ཏེ་ཡུལ་མིའི་ཡོང་འབབ་མང་དུ་ཕྱིན་པ་དང་གྲོང་གསེབ་དར་རྒྱས་ཡོང་བའི་དམིགས་བསལ་གྲོང་ཚོ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།