དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གོ་ལ་ཧྲིལ་པོར་ཀྲུང་གོའི་ཞབས་འདེགས་དེ་བས་མང་བ་དང་ཡག་པོ་ཞུ་གི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-05

    “ཀྲུང་གོས་རྒྱལ་ཁབ་ཁག་དང་ཕྱོགས་ཁག་དང་མཉམ་དུ་ཞབས་ཞུ་སྒོ་དབྱེར་བརྟེན་ནས་བསྟུན་མཁས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞབས་ཞུ་མཉམ་ལས་ལ་བརྟེན་ནས་མཉམ་འགུལ་རྒྱུན་འཁོར་ལ་སྐུལ་འདེད་གཏོང་བ། ཞབས་ཞུ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱེད་པ། ཞབས་ཞུ་མཉམ་སྤྱོད་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་བཅས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་སླར་གསོའི་སྲོལ་ལམ་ཐོག་བསྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད”ཅེས་ཟླ་9ཚེས་2ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2023ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དབུ་ཚོགས་ལ་བརྙན་ལམ་ནས་ཤིས་ཚིག་སྒྲོན་སྐབས་འདི་ལྟར་གསུངས་པ་མ་ཟད། ཀྲུང་གོས་ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་བྱ་ཐབས་གལ་ཆེན་ཁྱབ་བསྒྲགས་གནང་བ་དང་། ཀྲུང་གོས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་གལ་ཆེན་རྒྱས་བཤད་གནང་ནས། ཀྲུང་གོ་དང་རྒྱལ་ཁབ་ཁག་གིས་ཞབས་ཞུའི་ཚོང་དོན་འཕར་བའི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུའི་བློ་གཤོགས་དང་འགན་སེམས་མངོན་པར་གནང་ཡོད།

    འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོས་ཇི་ལྟར་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྔར་བས་རོགས་འདེགས་བྱ་རྒྱུ་ཡིན་ནམ་ཞེ་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་གནང་བར། འདི་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་45འཁོར་བའི་ལོ་རེད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཁག་གི་སྒོ་དབྱེ་དང་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོས་སྒོ་དབྱེ་དང་བསྟུན་མཁས་ཀྱི་འཕེལ་རྒྱས་ཁོར་ཡུག་བཏོད་དེ། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འབྲེལ་ཐག་དམ་དུ་གཏོང་རྒྱུ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ཆེ་རུ་གཏོང་རྒྱུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ་བཅས་ཡིན།

    གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་ཇི་ལྟར་བྱས་ནས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་ནམ་ཞེ་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལན་བསྐྱོན་པར། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་འབྲེལ་རྒྱ་ཆེ་རུ་གཏོང་བ་དང་། ཞབས་ཞུའི་ཚོང་དོན་དང་མ་འཇོག་གི་བཀག་རྒྱ་གསལ་ཐོར་གྲོས་མོལ་ཧུར་ཐག་བྱེད་པ། གློག་འཕྲིན་དང་། ཡུལ་སྐོར། བཅའ་ཁྲིམས། ལས་རིགས་ཡིག་རྒྱུགས་སོགས་ཞབས་ཞུའི་ཁྱབ་ཁོངས་སྒོ་མོ་ཕྱི་ཕྱོགས་ལ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་ཀྱི་སྒོ་དབྱེ་ཆེར་གཏོང་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་། ཆ་རྐྱེན་ལྡན་པའི་རང་མོས་ཚོང་དོན་ཚོད་ལྟ་ཁུལ། རང་མོས་ཚོང་དོན་གྲུ་ཁ་བཅས་སུ་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་དང་ཐོག་སྦྲེལ་མཐུད་བྱ་རྒྱུ་དང་། ཞབས་ཞུའི་ལས་རིགས་ཁྲོམ་རར་ཞུགས་འཐུས་ཀྱི་ཚད་གཞི་ལྷུག་ཏུ་གཏོང་རྒྱུ་དང་། རྒྱལ་སྒྲོལ་ཞབས་ཞུའི་ཚོང་དོན་གྱི་སྒོ་མོ་འབྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ། ཞབས་ཞུའི་ཚོང་དོན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་རྒྱ་ཆེ་རུ་གཏོང་རྒྱུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཞབས་ཞུའི་ཚོང་དོན་དང་གྲངས་འཛིན་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་རྒྱུ། ཞབས་ཞུའི་ཚོང་དོན་དང་གྲངས་འཛིན་ཅན་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་མགྱོགས་པོ་བྱས་ནས་གྲངས་གཞིའི་རྨང་གཞིའི་ལམ་ལུགས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟའི་སྒྱུར་བཅོས་ལ་སྐུལ་འདེད་དང་གྲངས་འཛིན་ཚོང་དོན་སྒྱུར་བཅོས་དང་། གསར་གཏོད། འཕེལ་རྒྱས་གསུམ་ལ་སྐུལ་སྤེལ་གཏོང་རྒྱུ། རང་འགུལ་ངང་སྤུས་ལེགས་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་སྟེ་ཤེས་བྱ་མང་འདུས་རྣམ་པའི་ཞབས་ཞུ་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་མ་གཏོང་རྒྱུ་སོགས་ཡིན། བྱ་ཐབས་གལ་ཆེན་འདི་དག་ནི་ཀྲུང་གོའི་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་ཡོད། ཞབས་ཞུའི་ཚོང་དོན་འཕར་བའི་གྲུབ་འབྲས་ཀྱི་ཕན་པ་རྒྱལ་ཁབ་ཁག་གི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་ཐོབ་པར་བྱེད་དགོས།

    འདི་ལོ་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་45འཁོར་བའི་ལོ་ཡིན་ཞིང་། འཛམ་གླིང་གིས་མཐོང་བ་ནི་སྒོ་མོ་འབྱེད་རྒྱ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བའི་ཐད་དེ་བས་དགེ་མཚན་ལྡན་པ་དང་འཇོན་ཐང་ལྡན་པའི་ཀྲུང་གོ་དང་། སྒོ་དབྱེ་མཉམ་ལས་བྱེད་འདོད་ཤིན་ཏུ་ཆེ་བའི་རྒྱལ་ཁབ་ཁག་དང་ཕྱོགས་ཁག་ལ་ཡིད་དབང་འཕྲོག་ཤུགས་དེ་བས་ཆེན་པོ་ཡོད་པའི་ཀྲུང་གོ་རེད། ཀྲུང་གོས་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བའི་ལས་རིགས་དང་ཁྱབ་ཁོངས་སྔར་བས་ཆེ་རུ་གཏོང་རྒྱུ་དང་སྐུལ་ལྕག་གཏོང་རྒྱུ། ཕྱི་རྒྱལ་གྱི་ཚོང་པ་ཀྲུང་གོར་ཚོང་དོན་མ་འཇོག་བྱེད་པར་ཡོང་རྒྱུར་དེ་བས་སྟབས་བདེ་བསྐྲུན་རྒྱུ། ཚད་གཞི་མཐོ་བའི་རང་མོས་ཚོང་དོན་གྲོས་ཆོད་དང་ས་ཁོངས་ཚོང་དོན་གྲོས་ཆོད་དེ་བས་མང་པོར་གྲོས་མོལ་བྱས་ནས་འཇོག་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། ཞབས་ཞུའི་ཚོང་དོན་ཚོང་འདུས་དང་ནང་འདྲེན་འགྲེམས་ཚོགས་སོགས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་མིང་བྱང་གསར་པ་རུ་ངར་ཞིབ་ཚགས་ཀྱིས་གཏོད་རྒྱུ་རེད།

    འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་ཀྲུང་གོས་གསར་དུ་བཙུགས་པའི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་28406ཟིན་པ་དེ་34%འཕར་ཡོད། སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་སུ་རྒྱལ་ཁབ་59དང་རྒྱལ་སྤྱིའི་རྩ་འཛུགས་24ཡིས་འགྲེམས་སྟོན་བཀོད་སྒྲིག་དང་ཚོང་འདུས་ཚོགས་པ་དང་། ཁེ་ལས་2200ལྷག་ཙམ་གྱིས་དྲ་ཕྱིའི་འགྲེམས་སྟོན་ནང་ཞུགས་པ། འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་གྲས་དང་ལས་རིགས་སྣེ་འདྲེན་ཁེ་ལས་500ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ། ཁྱོན་ཡོངས་ནས་རྒྱལ་སྤྱི་ཅན་དུ་འགྱུར་ཚད་20%ལྷག་ཙམ་ཟིན་པ་བཅས་ཀྱི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་། ཀྲུང་གོའི་ཁྲོམ་རར་མཁོ་འདོན་བྱས་པའི་གོ་སྐབས་ཆེན་པོར་སྣང་ཆེན་བྱེད་པ་གསལ་བཤད་གང་ལེགས་ཐུབ་ཀྱི་ཡོད།

    འཛམ་གླིང་གི་དཔལ་འབྱོར་སྒོ་མོ་ཕྱེ་ན་དར་རྒྱས་དང་བཀག་སྡོམ་བྱས་ན་ཉམས་རྒུད་འགྲོ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་འབྲེལ། ཕྱོགས་ཁག་དང་ཐུན་མོང་ཐོག་ལས་སླ་པོར་ཐོབ་པ་མིན་པའི་རང་མོས་ཚོང་དོན་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་ཧུར་ཐག་བྱས་ཏེ། གོ་ལ་ཧྲིལ་པོར་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་ཐུན་མོང་ཐོག་ལོངས་སུ་སྤྱད་ནས་འཛམ་གླིང་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།