དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-05

    “མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས་གཞོན་ནུ་ལོ་ཆུང་ཚོས་ཡང་དག་པའི་རིན་ཐང་གི་ལྟ་བ་ཆགས་པར་བྱེད་དགོས་པའི་གལ་ཆེའི་རང་བཞིན་མངོན་ཡོད། གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན་པས། གཞོན་ནུ་ལོ་ཆུང་དུས་སུ་ཆགས་པའི་རིན་ཐང་གི་ལྟ་བས་སླད་ཕྱིན་གྱི་འཚོ་བར་ཐད་ཀར་ཤུགས་རྐྱེན་ཐེབས་ཡོང་། དེ་ནི་མི་ཚེའི་བཤུལ་ལམ་བགྲོད་པ་ལྟར་གལ་སྲིད་གོམ་པ་དང་པོ་སྤོ་ནོར་ཤོར་ཚེ་ཚང་མ་འཕྱུག་པ་ལྟ་བུ་ཡིན་པས། མི་ཚེའི་གོམ་པ་དང་པོ་འདི་ཡག་པོ་སྤོ་དགོས།

    བརྩོན་སེམས་བསྐྱེད་དེ་མི་གོ་ཆོད་པོ་ཞིག་ཡོང་བའི་གོམ་པ་ཡག་པོ་སྤོ་དགོས། སེམས་ལ་སྤོབས་པ་རྒྱས་ན་གོམ་པ་སྤོ་ཤུགས་ཆེ་བ་ལྟར་ཕུགས་བསམ་གྱི་ཆེད་དུ་མཐའ་འཁྱོངས་བྱས་ནས་ལྷོད་གཡེང་མ་བཏང་ན་གཞི་ནས་དུས་རབས་ལ་ངོ་གནོངས་མི་དགོས་པའི་མི་ཚེ་གཏོད་ཐུབ། “བློ་ཐག་ཆོད་པོས་རྒྱལ་ཁམས་རིག་པས་བསྐོར”བའི་གཞོན་ནུའི་དུས་ཀྱི་མའོ་ཙེ་ཏུང་དང་། “ཀྲུང་ཧྭ་དར་རྒྱས་གཏོང་ཆེད་གསུང་རབ་བཀླགས”པའི་གཞོན་ནུའི་དུས་ཀྱི་ཀྲོའུ་ཨེན་ལའེ། “ཧུར་བརྩོན་ཆེན་པོས་བོད་རིགས་མི་སེར་ལ་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བར་བྱས་པའི”གཞོན་ནུའི་དུས་ཀྱི་རག་སྡིས་སོགས་ཚང་མས་གཞོན་ནུ་ལོ་ཆུང་གི་དུས་ནས་བཟུང་ཀྲུང་ཧྭ་ལ་དགའ་ཞེན་བྱེད་པའི་ས་བོན་སེམས་ཀྱི་ཞིང་སར་བཏབ་ནས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོས་ཏེ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་མཐུན་སྒྲིལ་ཡོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཆུང་དུས་ནས་ཕུགས་འདུན་འཛུགས་པ་དང་ཕུགས་འདུན་ཆེན་པོ་འཛུགས་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བཅས་བྱེད་པ་དང་ཆབས་ཅིག བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་དགོས།

    སློབ་སྦྱོང་ཡག་པོ་བྱས་ནས་ཡར་ཐོན་ཡོང་བའི་གོམ་པ་ཡག་པོ་སྤོ་དགོས། གཞོན་ནུ་ལོ་ཆུང་སྤྱང་གྲུང་འཛོམས་ན་རྒྱལ་ཁབ་ཐབས་མཁས་ལྡན། གཞོན་ནུ་ལོ་ཆུང་སྙིང་སྟོབས་ཀྱིས་ཕྱུག་ན་རྒྱལ་ཁབ་འབྱོར་ཕྱུག་ལྡན། གཞོན་ནུ་ལོ་ཆུང་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་ལྡན་འགྱུར། རྒྱལ་ཡོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོ”ཚེ་དབང་བདེ་སྐྱིད་དང་། “བོད་ཀྱི་དགེ་བརྩོན་ཡར་ཐོན་གྱི་གཞོན་ནུ་བཟང་པོ”དཀོན་མཆོག་བསམ་གཏན། བོད་ཀྱི་བུད་མེད་ཐད་འཕུར་གནམ་གྲུ་གཏོང་མཁན་ཐོག་མ་མཁྱེན་རབ་ཡེ་ཤེས་སོགས་ནི་ཕུགས་བསམ་དང་ཕུགས་འདུན་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པའི་གཞོན་ནུ་ཐ་དག་ཡིན། ཁོང་ཚོས་ཧུར་བརྩོན་ཆེན་པོས་ཤེས་བྱ་སློབ་སྦྱོང་དང་། བློ་རྩ་བརྟན་པོའི་ཞུན་བརྡར། གཟུགས་སྟོབས་ཆེན་པོའི་སྦྱོང་བརྡར་བཅས་བྱས་ནས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོས་ཡོད། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་དུས་ཚོད་དམ་འཛིན་བྱས་ནས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བྱེད་པ་དང་ཆབས་ཅིག སློབ་ལ་བརྩོན་པ་དང་། ཀུན་སྤྱོད་ལེགས་གཏོང་། ཡིན་མིན་གསལ་འབྱེད། ལྷག་བསམ་རྣམ་དག་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་འཛུགས་པ་དང་ལག་བསྟར་གྱིས“བསམ་བློ་ཡ་རབས་དང་གཟུགས་པོ་བདེ་ཐང”ཡོང་བར་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཧུར་ཐག་བྱེད་དགོས།

    འབད་འཐབ་བྱས་ནས་གསར་གཏོད་བྱེད་པའི་གོམ་པ་ཡག་པོ་སྤོ་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མི་རབས་ནས་མི་རབས་བར་གྱི་ཕུགས་བསམ་ལྡན་པའི་གཞོན་ནུ་ཚོས་མུ་མཐུད་འབད་འཐབ་བྱེད་དགོས། མི་དམངས་ཀྱི་སྤྱི་ཞབས་པ་ཁུང་ཧྥན་སེན་དང་། “ནས་ཀྱི་ཡབ་ཆེན”ཉི་མ་བཀྲ་ཤིས། ཀྲུང་གོ་བཟོ་སྐྲུན་ཁང་གི་བོད་རིགས་ཡོན་ཧྲི་དང་པོ་རྡོ་རྗེ་བཅས་ཚང་མས་རྒྱལ་ཁབ་ཀྱི་དགོས་མཁོ་དང་། སྤྱི་ཚོགས་ཀྱི་རེ་འདུན། མི་སྒེར་གྱི་རིན་ཐང་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས་བོད་དུ་རྩ་བ་ཚུགས་པ་དང་ཡུན་རིང་འཛུགས་སྐྲུན་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ངོ་མཚར་ཆེ་བའི་ལེའུ་བརྩམས་ཡོད། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས“གཞོན་པའི་ལང་ཚོའི་དུས་སུ་འབད་འཐབ་བྱེད་དགོས་པ”བློ་ལ་བརྟན་པོར་ངེས་ནས“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་གསར་བརྗེ་པ་རྒན་རབས་དང་སྔོན་ཐོན་དཔེ་བཟང་མི་སྣ་མིག་དཔེར་བཟུང་སྟེ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དུས་རབས་ཀྱི་མི་གསར་ཧུར་ཐག་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ནུས་པ་གང་ཡོད་འདོན་རྒྱུའི་གྲ་སྒྲིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།