དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྱིམ་ཚང་མགྲོན་ཁང་ཚོང་ལམ་རྒྱུག ཡུལ་སྐོར་ལས་རིགས་དར་ཞིང་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-05

    དབྱར་གསེང་རིང་ནི་བོད་དུ་ཡུལ་སྐོར་བྱེད་མང་ཤོས་ཀྱི་དུས་ཚིགས་ཡིན་པ་དང་ཁྱིམ་ཚང་མགྲོན་ཁང་ཆེ་གྲས་ཁག་གི་ཚོང་ཧ་ཅང་ཡག་པོ་ཡོད། ལྷ་སའི་ལྷ་ཞབས་གླིང་ཕྲན་དུ་འགྲུལ་ཁང་ཁང་མིག་53ཡོད་པའི་ཁྱིམ་ཚང་མགྲོན་ཁང་དུ་ཉིན་ལྟར་འགྲུལ་པས་ཁེངས། སྦྱིན་བདག་ཀོན་ཞན་གྱིས་དེ་ནི་འདི་ལོ་བོད་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་བྱུང་བའི་རྣམ་པ་བཟང་པོ་དང་ཁ་འབྲལ་ཐབས་མེད་པའི་ངོས་འཛིན་བྱས།

    གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་བདུན་པ་བར་བོད་ཀྱི་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3634.76ལ་སྣེ་ལེན་ཞུས་པ་དེ་2022ལོ་དང་2019ལོའི་དུས་མཚུངས་ལས་29.69%དང་60.26%སོ་སོར་འཕར་ནས་ལོ་འཁོར་མོའི་འཆར་གཞིའི་93.2%ལེགས་གྲུབ་བྱུང་བ་དང་། ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་439.03བྱུང་བ་དེ་2022ལོ་དང་2019ལོའི་དུས་མཚུངས་ལས་11%དང་28.28%སོ་སོར་འཕར་ནས་ལོ་འཁོར་མོའི་འཆར་གཞིའི་86.09%ལེགས་གྲུབ་བྱུང་བ་བཅས་རེད།

    འདི་ལོའི་ཟླ་2པ་ནས་བཟུང་། ཁྱིམ་ཚང་མགྲོན་ཁང་དུ་ཞག་སྡོད་བྱེད་ཚད་ཟམ་མི་ཆད་པར་མང་དུ་ཕྱིན་ནས་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་པ་དེ་ལས་ཀོན་ཞན་གྱིས་འབད་བརྩོན་ལྷོད་མེད་བྱེད་པའི་སེམས་ཤུགས་ཆེ་རུ་སོང་ཞིང་། འདི་ལོའི་ཟླ་4པར་ཁྱིམ་ཚང་མགྲོན་ཁང་གི་སྒོ་རའི་ནང“ལང་ཁ”ཟེར་བའི་ཀོག་ཧྥེ་ཁང་ཞིག་ལས་གཉེར་བྱེད་འགོ་བཙུགས།

    “ཡུལ་སྐོར་བར་དེ་བས་སྐྱིད་སྣང་དོད་པའི་སོས་དལ་ཁོར་ཡུག་ཅིག་གཏོད་ཆེད་ཡུལ་སྐོར་ཐོན་ལས་ཀྱི་སྤྲོ་གསེང་དང་། ཟོག་ཉོ། རོལ་རྩེད་བཅས་ཀྱི་གཞི་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་ཁྱིམ་ཚང་མགྲོན་ཁང་གི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད”ཅེས་ཀོན་ཞན་གྱིས་བཤད་པ་དང་། འདི་ལོའི་ལོ་མཇུག་ཏུ་ཁོང་གིས་ད་དུང་བསྐྱར་དུ་མཛེས་བཟོ་བྱ་རྩིས་ཡོད་ཅིང་། ཁྱིམ་ཚང་མགྲོན་ཁང་གི་མཉེན་ཆས་དང་མཁྲེགས་ཆས་ཀྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་བཏང་ནས་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཚེ་གཞི་ནས་ཁྲོམ་རའི་དགའ་བསུ་ཐོབ་ཐུབ།

    བོད་དུ་ཁྱིམ་ཚང་མགྲོན་ཁང་དར་རྒྱས་ཆེན་པོ་བྱུང་བ་དེ་ལྷ་ས་ལྟ་བུའི་ལྟེ་བའི་གྲོང་ཁྱེར་ནས་མངོན་པ་མ་ཟད་བོད་ཀྱི་ཐག་རིང་ཤང་དང་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་མཁན་ཚོར་ཡང་ཡོང་འབབ་མང་པོ་བྱུང་ཡོད།

    མལ་ཆས་བརྗེ་བ་དང་ཁང་པར་གད་བདར་བྱེད་པ་ལ་སོགས་སྔ་དྲོའི་ཆུ་ཚོད་9པར་འགྲུལ་པ་མཇུག་ཤོས་དེས་ཁང་པ་ཕྱིར་སློག་གི་འགྲོ་ལུགས་གཉེར་རྗེས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ལ་སྒོ་གྲོང་ཚོའི་བྱམས་རྡོར་མགྲོན་ཁང་གི་ཉིན་གཅིག་གི་ལས་བྲེལ་འགོ་ཚུགས།

    “སྔ་ཙམ་ཁང་པར་གད་བརྒྱབ་ཚེ་འགྲུལ་པར་སྣེ་ལེན་བྱེད་བདེ”ཅེས་མགྲོན་ཁང་གི་སྦྱིན་བདག་བྱམས་པ་རྡོ་རྗེས་འཛུམ་འཚེར་འཚེར་ངང་བཤད་པ་དང་འདི་ལོའི་ཡུལ་སྐོར་དུས་བབ་ཧ་ཅང་ཡག་པོ་འདུག་ལ་ལྷག་པར་དུ་དབྱར་གསེང་རིང་ངའི་མགྲོན་ཁང་དུ་ཉིན་ལྟར་འགྲུལ་པས་ཁེངས་ཤིང་། ཉིན་རེར་ཁང་གླ་སྒོར་180ཙམ་ཡིན་པས་ཟླ་བ་གཉིས་རིང་ཁང་མིག་བཞི་ལ་ཡོང་འབབ་སྒོར་ཁྲི་གསུམ་བཞི་ཙམ་བྱུང་འདུག་ཅེས་བཤད།

    བྱམས་རྡོར་མགྲོན་ཁང་གནས་ཡུལ་ར་འོག་གྲོང་རྡལ་ནི“ཀྲུང་གོའི་མཛེས་ལྗོངས་ལམ་ཆེན་མཛེས་ཤོས་སུ་འབོད་པའི”རྒྱལ་ལམ་318བརྒྱུད་དགོས་ངེས་ཀྱི་ཡུལ་ཞིག་ཡིན་པ་དང་ད་དུང་ལ་སྒོ་འཁྱགས་རོམ་དང་ར་འོག་མཚོ་སོགས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ད་ཕན་ལོ་ཤས་རིང་ར་འོག་གྲོང་རྡལ་གྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་བའི་བྱེད་ཐབས་ཁག་10བཏོན་པའི་ཁྲོད་ཀྱི་བྱེད་ཐབས་གལ་ཆེ་ཤོས་གཅིག་ནི་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་གཏོང་བར་སྐུལ་མ་བཏང་བ་དེ་རེད། མིག་སྔར་ར་འོག་གྲོང་རྡལ་དུ་རིགས་མི་འདྲ་བའི་ཁྱིམ་ཚང་མགྲོན་ཁང་44ལ་ཉལ་ཁྲི་2300ཙམ་ཡོད། འདི་ལོའི་ལོ་སྟོད་ཁོ་ནར་ར་འོག་གྲོང་རྡལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་7.5ལ་སྣེ་ལེན་ཞུས་པས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2000ཙམ་བྱུང་བ་དང་ལྷག་པར་དུ་ཟླ་དྲུག་པ་འཆར་ཚུན་ར་འོག་གྲོང་རྡལ་གྱི་ཁྱིམ་ཚང་མགྲོན་ཁང་དུ་སྡོད་མཁན་མགྱོགས་མྱུར་འཕར་ནས་དབྱར་གསེང་གི་མི་མང་ཤོས་སྐབས་སུ་སླེབས་ཡོད། ར་འོག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝུའུ་ཆི་མོང་གིས་ཡུལ་སྐོར་སླར་གསོར་ཁ་གཏད་གཅོག་ཆེད་འདི་ལོ་ར་འོག་གྲོང་རྡལ་གྱིས་ཆེད་མངགས་ཁྱིམ་ཚང་མགྲོན་ཁང་གི་བཟའ་བཏུང་ཞབས་ཞུའི་གསོ་སྦྱོང་དུས་ཐེངས་2གཉེར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ལས་རིགས་ནང་ཁུལ་གྱི་མི་སྣས་ངོ་སྤྲོད་བྱས་དོན། ཟླ་7པ་ནས་བཟུང་བོད་ཀྱི་ཁྱིམ་ཚང་མགྲོན་ཁང་གི་མཁོ་ཆས་སྔོན་མངགས་བྱེད་ཚད་རྒྱུན་མཐུད་ངང་འཕར་ཞིང་། དྲ་ཐོག་ཁོ་ནར་ཨར་ཁང་གི་མཁོ་ཆས་མངགས་ཉོ་བྱེད་ཚད་དུས་མཚུངས་ལས་40%འཕར་ཡོད་པ་རེད། བོད་ཀྱི་ཡུལ་སྐོར་ཁྲོམ་རའི་གཏིང་ཤུགས་ཆེ་བ་དང་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེ་བའི་ཁར། ཤང་དང་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་གཏོང་བ་བརྒྱུད་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱེད་ཐུབ། ལྷག་དོན་དུ་ད་ཆ་ཁྱིམ་ཚང་མགྲོན་ཁང་གི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་བས་ཐོན་ཁུངས་ལེགས་ཆ་མངོན་གསལ་དོད་པ་དང་ཆ་རྐྱེན་འཛོམས་པའི་གྲོང་ཚོ་ཁ་ཤས་ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུའི་འཆར་གཞི་འདིང་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཕག་རི་གྲོང་རྡལ་གྱི་སྡེ་ཁུལ་བཞི་པར་མུ་འབྲེལ་གྱི་གངས་རི་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་མངོན་གྱི་ཡོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག་མིག་སྔར་ཡུལ་དེའི་ཐོན་ཁུངས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྩེར་སོན་སྤུས་རྟགས་ཀྱི་ཁྱིམ་ཚང་མགྲོན་ཁང་དང་ཐང་སྟེང་སྒར་ས་བསྐྲུན་ནས་ཡུལ་སྐོར་བར་ཐུན་མོང་མ་ཡིན་པའི་ཉམས་ལེན་བྱེད་དུ་འཇུག་རྩིས་ཡོད་པ་རེད།

    འདི་ལོ་བོད་ཀྱིས་ད་དུང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་གཞི་ཚུགས་ནས་གྲོང་གསེབ་ཀྱི་སྣེ་ཤན་པ་དང་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་སོགས་སྐྱེད་སྲིད་ཀྱི་འདུ་འགོད་ལག་བསྟར་བྱས་ཏེ་བོད་ཀྱི་ཡུལ་སྐོར་གྱི་བྱང་ཚད་ཧྲིལ་པོ་མཐོ་རུ་དང་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་ཡངས་སུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།