བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ།
ཟླ་9ཚེས་1ཉིན། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ་ཐེངས་33པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
ཉིན་དེར་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་དང་། འགྲེམས་སྟོན་བཤམས་སྟོན། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། རིག་གནས་བོད་ལྗོངས་དང་ལྷ་སས་ཁྱབ་བསྒྲགས་སོགས་དྲ་རྒྱའི་ལས་སྟེགས་བརྒྱུད་ཕྱོགས་ཡོངས་ནས་ཐད་གཏོང་བྱས་པར། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྒྱུད་སྤེལ་དང་མོས་བསྟོད་བྱས་ཤིང་། རིམ་རྩིས་བྱས་ན་ཐད་གཏོང་བྱས་པར་མི་ཐེངས་8000ལྷག་ཙམ་གྱིས་དྲ་ཐོག་ནས་བལྟས་ཡོད་པ་རེད།
ད་རེས་ཀྱི་དྲིལ་བསྒྲགས་ཟླ་བའི་བརྗོད་དོན་གཙོ་བོ་ནི“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས”ཞེས་པ་དེ་རེད། བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་གླེང་སྟེགས་སྐབས་དང་པོ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པ་བརྗོད་དོན་གཙོ་བོར་བྱས་པའི་ཤེས་བྱའི་འགྲན་བསྡུར། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས། རིག་རྩལ་བྱེད་སྒོ འགྲེམས་སྟོན་བཤམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། རང་ལྗོངས་ཀྱི་མི་རིགས་ལས་དོན་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་མཚོན་པར་བྱ་རྒྱུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གདེང་ཚོད་དང་ཧུར་སེམས་ཚད་གཞི་སྔར་ལས་མཐོ་པོ་དང་རིམ་པ་སྔར་ལས་མཐོ་པོས་འཕེལ་བར་བྱ་རྒྱུ་བཅས་རེད།