མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པ།
—— རང་ལྗོངས་ཀྱིས“དོན་ཆེན་བཞིར”དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་དང་འབད་འབུངས་ཡར་བརྩོན་བྱེད་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་བཀོད་སྒྲིག་གནང་ནས་བོད་ཀྱི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གསལ་སྟོན་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་བརྟན་བཅས“དོན་ཆེན་བཞི”རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་བསྟར་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་ཀྱི་འབད་འཐབ་དམིགས་ཚད་དུ་ཞིབ་ཕྲ་དབྱེ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ས་མཐོའི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམ་པོར་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་དང་འབད་འབུངས་ཡར་བརྩོན་གྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད།
ཀུན་སེམས་གཅིག་ཏུ་སྒྲིལ་བ།
དུས་ཡུན་རིང་པོའི་ནང་། ནག་ཆུ་གྲོང་ཁྱེར་གཙང་འགྲམ་ལམ་དུ་གནས་པའི་དར་ཆ་ལྷ་མོ་གྲོང་ལྷན་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་སོགས་མི་རིགས་ཁག་གི་མང་ཚོགས་སྡོད་ཀྱི་ཡོད།
འདི་ལོ་ལོ་50ལ་སླེབས་པའི་ཧུད་རིགས་མང་ཚོགས་མཱ་ཁེ་ལི་ལུའོ་ལོ་20ལ་སླེབས་སྐབས་ཕ་ཡུལ་ཀན་སུའུ་ནས་ནག་ཆུར་ཡོང་།
1998ལོར་མཱ་ལགས་ཀྱིས་ནག་ཆུར་ཟ་ཁང་ཆུང་ཆུང་ཞིག་བཙུགས་པ་དང་། ལོ་གཉིས་མ་སོང་བར་རྐུབ་བརྡིབས་པ་རེད། ཕྱིས་སུ་ས་གནས་དེ་གའི་མང་ཚོགས་ཚེ་རིང་རྡོ་རྗེའི་ས་ནས་སྦག་སྦག་བཟོ་སྟངས་སྦྱངས་ཏེ་2005ལོར་སྦག་སྦག་ཉམས་བཟོ་ཁང་ཞིག་བཙུགས།
“གཅེན་པོ་ཚེ་རིང་རྡོ་རྗེས་རྟག་ཏུ་ང་ལ་རོགས་པ་དང་ལྟ་རྟོག་བྱེད་པར་ཡོང་གི་ཡོད། ཁོང་གིས་ང་ལ་གཉེན་ཉེ་ལས་ལྷག་པ་བྱེད་ཀྱི་ཡོད། ངས་ནག་ཆུར་མི་ཚེ་ཕྱེད་ཀ་ལྷག་ཙམ་བསྡད་པ་ཡིན། འདིར་ངའི་ཁྱིམ་ཡོད”ཅེས་མཱ་ལགས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
མཱ་ལགས་ལྟར་སྤུན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་ཀྱི་རྣམ་པ་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་མཐོང་རྒྱུ་ཡོད་ལ་མི་རིཌ་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་བྱུང་ཡོད།
མིག་སྔའི་བར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར(ས་ཁུལ)གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་དང་། མཉམ་སྡེབ་140དང་མི་སྒེར་189ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པ། མཉམ་སྡེབ་1944དང་མི་སྒེར་2857ལ་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་ཡོད།
ད་ཆའི་གངས་ལྗོངས་ས་མཐོར་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་ལས། མཉམ་སྤྲོ་བཅས་ཀྱི་ཁྲོད་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་ནས་ཀུན་སེམས་གཅིག་ཏུ་བསྒྲིལ་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་པ།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1069.6ཟིན་པ་དེ་དུས་མཚུངས་ལས་8.4%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.9ཡིས་མཐོ་བ་ཡོད། དེ་ནི་བོད་ཀྱིས་ལོ་སྟོད་དུ་ཕུལ་བའི་དཔལ་འབྱོར་གྱི་རྒྱུགས་ལན་ཞིག་རེད།
དཔལ་འབྱོར་ལ་གྲུབ་འབྲས་བཟང་པོ་ཐོབ་པ་ལས་རང་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། ཆ་ཚང་ལ་གནད་འཁེལ་གྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཧུར་ཐག་ཞུགས་པ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གདེང་ཚོད་དང་གཏིང་ཤུགས་བཅས་མངོན་ཡོད།
“རླུང་འཁོར་འཁོར་བ་མཐོང་སྐབས་ང་བློ་ཧ་ཅང་བདེ་པོ་འདུག” པད་མས་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དུ་ཟ་ཁང་ཞིག་གཉེར་ཡོད། དེ་སྔ་གློག་བརྟན་པོ་མེད་པས་ཚོང་ཁང་ནང་གི་གློག་ཆས་རྟག་ཏུ་འཚིག་གི་ཡོད། གྲི་གུ་རླུང་གློག་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཆབས་ཅིག་ཁོང་ཚོར་ཡང་རླུང་གློག་བརྟན་པོ་སྤྱོད་ཐུབ་ཡོད།
མིག་སྔར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་རླུང་ཤུགས་གློག་ཁང་ཡིན་པའི་མཚོ་སྨད་གྲི་གུ་རླུང་གློག་གི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་གློག་འདོན་ཚད་ཀྲའོ་ཝ་22ཟིན་པ་དང་། 2021ལོའི་ཟླ་12པའི་ཟླ་མཇུག་ཏུ་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.4ཙམ་ཟིན་ཡོད།
ད་ཆ་བོད་ཀྱི་ལོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2000ལས་བརྒལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། “བསྐྱར་དར་རྟགས་ཅན”གྱི་མེ་འཁོར་གངས་རིའི་མཐའ་ནས་བསྐོར་ཏེ་བྱ་འཕུར་བ་ལྟར་སྐྱོད་བཞིན་ཡོད་པ་སོགས་གངས་ལྗོངས་ས་མཐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་བཞིན་ཡོད།
ས་མཐོའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ།
གྲངས་གཞི་ལས་མངོན་པར། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.9%ཟིན་ཞིང་། ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཚད་གཞི་དེ་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ནང་ཨང་དང་པོར་སླེབས་པ་དང་། ཆུ་བོ་དང་མཚོ་གཙོ་བོའི་ཆུ་སྤུས་ལེགས་པ་དང་ས་ངོས་ཀྱི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་ནས་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
ལྷ་ས་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་གདོང་དཀར་ནགས་བཟོའི་ཡུག་ཁུལ་3པར་རྣམ་གླིང་རྫོང་པེ་ཤིང་ངལ་ནུས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ཉི་མ་སྲི་ཆོད་ཀྱིས་ལས་རོགས་ཚོའི་སྣེ་ཁྲིད་དེ་ལྕང་སོན་གཡོག་བྱེད་ཀྱི་ལས་དོན་ཞིབ་ཚགས་ངང་སྒྲུབ་བཞིན་ཡོད། ཁོང་གིས“ལྕང་སོན་དེ་དག་ཉིན་རེ་བཞིན་འཚར་ལོངས་བྱུང་བ་མཐོང་སྐབས་ངའི་སེམས་ནང་དགའ་ཚོར་ཆེན་པོ་འདུག”ཅེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། 2022ལོར་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་ཤིང་འཛུགས་སྔོ་འགྱུར་གྱི་མ་དངུལ་སྒོར་དུང་ཕྱུར་13.7བཏང་བ་དང་། རིམ་རྩིས་བྱས་ན་ལྕང་སོན་རྐང་ཁྲི་1700ལྷག་ཙམ་བཙུགས་པ་དང་། ནགས་བཟོ་མུའུ་ཁྲི་14ཙམ་བྱས་པ། ལྕང་སོན་གསོན་ཚད་70%ཡན་ཟིན་པ་བཅས་ལས་དོན་ཁག་བརྟན་པོའི་ངང་སྤེལ་བཞིན་ཡོད།
སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་བོད་ཀྱི་ཆེས་རྩ་ཆེའི་ཐོན་ཁུངས་དང་། ཆེས་མངོན་གསལ་དོད་པའི་ལེགས་ཆ། ཆེས་མཛེས་ཤོས་ཀྱི་མིང་བྱང་བཅས་རེད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་ཤིང་འཛུགས་སྔོ་སྒྱུར་དང་བྱེ་འགོག་བྱེ་བཅོས་ཀྱི་ལས་གྲྭར་སྐུལ་འདེད་ཏན་ཏིག་བཏང་ནས་ཆ་རྐྱེན་འཛོམས་པའི་རི་རྒོད་དང་ཐང་རྒོད་སྔོ་ལྗང་གོས་ཀྱིས་བཀླུབས་ཡོད།
མཐའ་སྲུང་མཐའ་བརྟན་གྱི་ལྕགས་རི་རིང་པོ་བསྐྲུན་པ།
དེང་རབས་ཅན་གྱི་བོད་བཟོའི་ཁང་པ་སྟར་པ་རེ་རེ་སྔོ་ལྗང་རི་ཀླུང་གིས་བསྐོར་བའི་རི་གཤམ་དུ་ཆགས་པ་དང་གཙང་ལ་གྲལ་འགྲིག་པའི་གྲོང་ཚོའི་ལམ་བུ་ཤར་གཏོང་ཐུབ་པ་དེ་ནི་ད་ཆའི་ཡུལ་སྨད་ཀྱི་རྣམ་པ་ཡིན། དེ་སྔའི“མི་གསུམ་ཤང”ནས་ད་ཆ་ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་གཉིས་ཡོད་པའི“འབྱོར་འབྲིང་ཤང”དུ་གྱུར་ཡོད།
2018ལོ་ནས་བཟུང་ཡུལ་སྨད་ཤང་དུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དང་དེ་བཞིན་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་། 2019ལོར་ཆུ་ཡུལ་སྣུམ་ནག་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་ཁྱོན་ཡོངས་ནས་བསྐྲུན་ཟིན་ཏེ་ཡུལ་སྨད་ལ་ལོ་ལྟར་ཁ་བ་ཆེན་པོས་ལམ་འགག་པའི་དཀའ་གནད་བསལ་བ། དེ་དང་ཆབས་ཅིག་རྒྱལ་ཁབ་གློག་དྲས་ཆན་ཧྥུའུ་10ཡི་གློག་འདྲེན་སྐུད་ལམ་ཡུལ་སྨད་དུ་ཁྲིད་པས་ཡུལ་སྨད་ལ་བདེ་འཇགས་ལྡན་པའི་གློག་བརྟན་པོ་སྤྱོད་རྒྱུ་བྱུང་ཡོད། 2022ལོར་ཡུལ་སྨད་ཤང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4.4ཙམ་ཟིན་པ་དང་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་40ཟིན་གྱི་ཡོད།
ཡུལ་སྨད་ཤང་གི་འཕོ་འགྱུར་ནི་རང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པའི་བསྡུས་རིས་ཤིག་རེད།
མཐའ་མཚམས་དར་རྒྱས་བྱུང་ན་མཐའ་མཚམས་བརྟན་ལྷིང་ཡོང་བ་དང་། མཐའ་མཚམས་མི་སེར་ཕྱུག་པོ་ཆགས་ན་མཐའ་སྲུང་མཐའ་བརྟན་ཡོང་ཐུབ། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཐོག་མཐའ་བར་གསུམ་དུ་གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་གྱིས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ནས་ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོ་བ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་རྩོམ་བཞིན་ཡོད།