དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཁྲལ་གྲོན་ཞབས་ཞུ་ཞིབ་ཚགས་སུ་བཏང་བས་རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ།

    ལོ་སྟོད་དུ་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་གྲོན་འགྱངས་དངུལ་འཕར་ཚད་སྒོར་དུང་ཕྱུར་29ཡན་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-03

    ཉེ་ཆར་གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། ཅུས་དེས་གནད་སྨིན་ཞིབ་ཚགས་ཀྱི་ཁྲལ་གྲོན་ཞབས་ཞུར་བརྟེན་ནས། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཐད་ཀར་ལོངས་སྤྱོད་དང་དོན་འཁྱོལ་ཐུབ་པར་བྱས་ཡོད། ལོ་སྟོད་དུ་ལྗོངས་ཡོངས་སུ་ཁྲལ་རིན་གཉིས་གཅོག་དང་དེ་བཞིན་ཁྲལ་སློག་གྲོན་འགྱངས་དངུལ་འཕར་ཚད་སྒོར་དུང་ཕྱུར་29ཡན་ཟིན་ནས་ལྗོངས་ཡོངས་ཀྱི་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲལ་དོན་གྱིས་རྒྱབ་སྐྱོར་བྱས་ཡོད།

    གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ། ལྗོངས་ཡོངས་སུ་ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་གྲོན་འགྱངས་དངུལ་འཕར་ཚད་སྒོར་དུང་ཕྱུར་29.12ཟིན་པའི་ནང་རྒྱུན་མཐུད་ལེགས་གཏོང་གསར་གཏོད་ཁག་གཉིས་ཀྱི་ཁྲལ་གྲོན་གཟིགས་སྐྱོང་སྒོར་དུང་ཕྱུར་24.77དང་། ཚབ་འཕྲི་ཁྲལ་སློག་སྒོར་དུང་ཕྱུར་4.15 ཁྲལ་གྲོན་གཞན་དག་སྒོར་དུང་ཕྱུར་0.2བཅས་ཟིན་ཡོད། སྲིད་ཇུས་ནས་བལྟས་ན། ཟླ་རེར་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་10མན་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་གནས་ཐང་འཕར་ཁྲལ་རྩ་ཆག་སྲིད་ཇུས་ལག་བསྟར་བྱས་པར་བརྟེན་ཁྲལ་རྩ་ཆག་གཏོང་ཚད་སྒོར་དུང་ཕྱུར་12.96ཟིན་པ་དང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་ལ་ཁྲལ་འཇལ་ཚད་3%ནས་1%བར་གཅོག་པའི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན་ཁྲལ་རྩ་ཆག་གཏོང་ཚད་སྒོར་དུང་ཕྱུར་4.97ཟིན་པ། ཁེ་བཟང་ཆུང་བའི་ཁེ་ལས་ཆུང་གྲས་ལ་ཐོབ་ཁྲལ་ཆག་ཡང་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་པར་བརྟེན་དཔྱ་ཁྲལ་རྩ་ཆག་གཏོང་ཚད་སྒོར་དུང་ཕྱུར་1.55ཟིན་ཡོད། དུས་མཚམས་རང་བཞིན་གྱི་ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་གཅོག་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་དཔྱ་ཁྲལ་སྒོར་དུང་ཕྱུར་1.25བཅག་ཡོད།

    ཁྲལ་གྲོན་གྱི་སྲིད་ཇུས་དོན་འཁྱོལ་བྱེད་རིང་། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ལས་དོན་པས། ཁྲལ་འཇལ་མཁན་གྱི་བསམ་འཆར་དང་རེ་འདུན་རྒྱ་ཁྱབ་ངང་ཉན་པ་མ་ཟད། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཁོ་ཚོའི་དགོས་མཁོ་དང་རེ་བ་བསྐངས་ཡོད། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ། ཁེ་ལས་ཀྱི་ཁྲལ་འཇལ་བར་བརྟག་དཔྱད་ཞིབ་འཇུག་དང་། བཅར་འདྲི། བཞུགས་མོལ་སོགས་ཐེངས་178སྤེལ་ནས་ཁྲལ་དོན(གྲོན་དངུལ)དང་འབྲེལ་བའི་བསམ་འཆར་དང་གྲོས་འགོ་316བསྡུས་ཡོད། ལོ་སྟོད་དུ། ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་གློག་རྡུལ་ཁྲལ་དོན་ཅུས་ལ་བརྟེན་ནས་གཟིགས་སྐྱོང་སྲིད་ཇུས་ཚོང་དུད(ཐེངས)309509ལ་གནད་སྨིན་ཁྱབ་གདལ་བཏང་ནས་སྲིད་ཇུས་ཀྱིས་དམངས་ལ་ཞབས་འདེགས་ཞུ་བ་དང“སྲིད་ཇུས་སྒོ་རྩར་ཁྱབ་གདལ་གཏོང་བར”སྔར་བས་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།