དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཕྱོགས་མང་གི་དམག་མི་ཉུང་འཕྲིའི་ལམ་སྲོལ་ལ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-02

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་8ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་ཚོགས་པའི་གཞུང་ཚབ་རེན་ཧུང་ཡན་གྱིས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི“ཉིང་རྡུལ་ཚོད་ལྟ་གཏན་འགོག་གི་རྒྱལ་སྤྱིའི་ཉིན་མོར”དྲན་གསོ་ཞུ་བའི་མཐོ་རིམ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ཏེ། རྒྱལ་སྤྱིའི་ཕྱོགས་མང་གི་དམག་མི་ཉུང་འཕྲིའི་ལམ་སྲོལ་ལ་སྲུང་སྐྱོང་བྱེད་དགོས་པ་དང་། འཇམ་འཐབ་ཀྱི་བསམ་བློ་དང་དཔུང་ཁག་གི་འགྲན་རྒོལ་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    རེན་ཧུང་ཡན་གྱིས་བརྗོད་དོན། དེང་སྐབས་ཀྱི་རྒྱལ་སྤྱིའི་བདེ་འཇགས་ཁོར་ཡུག་ལ་འཇམ་འཐབ་ཚུན་གྱི་འགྱུར་ལྡོག་ཆེ་ཤོས་འགྲོ་བ་དང་། རྒྱལ་སྤྱིའི་དམག་དོན་ཚོད་འཛིན་དང་། དམག་མི་ཉུང་འཕྲི། ཁྱབ་འགྱེད་སྔོན་འགོག་བཅས་ཀྱི་མ་ལག་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་དྲག་པོ་འཕྲད་པ། ཉིང་རྡུལ་དམག་ཤུགས་ཀྱི་སྒྲིག་ཆས་འགྲན་བསྡུར་དང་ཉིང་རྡུལ་གདོང་ཐུག་གི་ཉེན་ཁ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། རྒྱབ་ལྗོངས་དེ་འདྲའི་འོག་ངེས་པར་དུ་ཕྱོགས་མང་རིང་ལུགས་ངོ་མ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་། 《ཉིང་རྡུལ་ཚོད་ལྟ་ཕྱོགས་ཡོངས་ནས་གཏན་འགོག་བྱ་རྒྱུའི་ཆིངས་ཡིག》ཚུད་པའི་རྒྱལ་སྤྱིའི་ཕྱོགས་མང་གི་དམག་མི་ཉུང་འཕྲིའི་ལམ་སྲོལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་གཏོང་བ། འཇམ་འཐབ་ཀྱི་བསམ་བློ་དང་དཔུང་ཁག་གི་འགྲན་རྒོལ་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། མིའི་རིགས་ཡོངས་ཀྱི་བདེ་སྐྱིད་ལ་བསམ་གཞིག་བཅས་བྱས་ནས་ཐུན་མོང་བདེ་འཇགས་ཡོང་ཆེད་འབད་བརྩོན་སྔར་བས་ཆེན་པོ་བྱེད་དགོས།

    ཁོང་གིས་བརྗོད་དོན། ཀྲུང་གོ་ནི《ཉིང་རྡུལ་ཚོད་ལྟ་ཕྱོགས་ཡོངས་ནས་གཏན་འགོག་བྱ་རྒྱུའི་ཆིངས་ཡིག》ལ་མིང་རྟགས་བཀོད་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཆིངས་ཡིག་གི་དམིགས་ཡུལ་དང་དམིགས་ཚད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་།“ཚོད་ལྟ་གནས་སྐབས་མཚམས་འཇོག་བྱ་རྒྱུའི”ཁས་ལེན་དམ་སྲུང་བྱེད་པ། དགེ་མཚན་ལྡན་པའི་རྣམ་པའི་ཐོག་ནས་ཆིངས་ཡིག་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ལས་དོན་ནང་ཕྱོགས་ཡོངས་ནས་ཞུགས་པ། ཆིངས་ཡིག་གི་ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་ཀྱི་ལམ་སྲོལ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཉིང་རྡུལ་མཚོན་ཆ་ཡོད་པའི་ཉིན་དང་པོ་ནས་བཟུང་། ཀྲུང་གོས་ཉིང་རྡུལ་མཚོན་ཆ་ཕྱོགས་ཡོངས་ནས་གཏན་འགོག་དང་མེད་པ་མཐར་ཕྱིན་པ་བཟོ་བ་དར་སྤེལ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཉིང་རྡུལ་མཚོན་ཆ་སྔོན་ལ་མི་སྤྱོད་པའི་སྲིད་ཇུས་དམ་སྲུང་བྱེད་པ། ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཉིང་རྡུལ་སྟོབས་ཤུགས་རྒྱལ་ཁབ་ཀྱི་བདེ་འཇགས་དགོས་མཁོའི་ཆུ་ཚད་དམའ་ཤོས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཉིང་རྡུལ་དམག་ཤུགས་ཀྱི་སྒྲིག་ཆས་འགྲན་བསྡུར་མི་བྱེད་པ། མངའ་ཁོངས་ཕྱི་རོལ་དུ་ཉིང་རྡུལ་མཚོན་ཆ་བཀོད་སྒྲིག་བྱེད་ཀྱི་མེད། ཀྲུང་གོ་ནི་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ནང་ནས་གོང་གསལ་ཁས་ལེན་བྱེད་མཁན་རྒྱལ་ཁབ་གཅིག་པུ་དེ་ཡིན།

    ཁོང་གིས། ན་ནིང་གི་ཟླ་དང་པོར་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལྔའི་འགོ་ཁྲིད་པས་ཉིང་རྡུལ་དམག་འཁྲུག་སྔོན་འགོག་གི་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཏེ། ཉིང་རྡུལ་མཚོན་ཆ་ཕན་ཚུན་དབར་དང་ཡང་ན་རྒྱལ་ཁབ་གཞན་དག་ལ་བསྡིགས་ཁུང་སྤྲོད་ཀྱི་མིན་ཞེས་ནན་བཤད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལྔ་པོས་རྨང་གཞི་དེའི་ཐོག་སྐད་ཆ་ཤོད་རེས་དང་མཉམ་ལས་མུ་མཐུད་བྱས་ཏེ། ཉིང་རྡུལ་གྱི་ཉེན་ཁ་ཆུང་དུ་གཏོང་རྒྱུའི་དོན་ཐོག་ཏུ་འཁྱོལ་བའི་བྱེད་ཐབས་ལ་གྲོས་བསྡུར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་གྲོས་འགོ་བཏོན་ནས་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལ་ཉིང་རྡུལ་མཚོན་ཆ་ནམ་ཡང་མི་སྤྱོད་པའི་ཁས་ལེན་བྱ་རྒྱུའི་བླང་བྱ་བཏོན་ཡོད། དོན་ཐོག་ཏུ་འཁྱོལ་བའི་གོམ་སྟབས་དང་པོ་ཡིན་པའི་ཆ་ནས་ཀྲུང་གོ་ཕྱོགས་ཀྱིས་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ལ་སྔོན་ལ་ཕན་ཚུན་དབར་ཉིང་རྡུལ་མཚོན་ཆ་མི་སྤྱོད་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་དང་ཐོག་སྤེལ་བ་དང་འབྲེལ། “ཕན་ཚུན་ཐོག་མར་ཉིང་རྡུལ་མཚོན་ཆ་མི་སྤྱོད་རྒྱུའི་ཆིངས་ཡིག”འཇོག་རྒྱུའི་ཐད་གྲོས་མོལ་ཡང་བྱེད་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།