དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

    《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་དོན་སྲོལ་ཡིག》དང《རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འཆར་འགོད(2023ལོ་ནས་2027ལོའི་བར)》ལ་གྲོས་ཞིབ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-02

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ལས་དོན་སྲོལ་ཡིག》དང《རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འཆར་འགོད》(2023ལོ་ནས་2027ལོའི་བར)》ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུར་བསྟན་དོན། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ནི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་སྔོན་ཁྲིད་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་འདུ་འགོད་ཅིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་རིང་ཚབ་བྱེད་ཐབས་བྲལ་བའི་གནས་བབ་དང་ནུས་པ་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཕུགས་བསམ་དང་དད་སེམས་ཀྱི་དམིགས་ཡུལ་བརྟན་དུ་གཏོང་རྒྱུ་རྩ་བར་བྱེད་པ། སྲིད་འཛིན་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་བཅས་བྱས་ཏེ་ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། དུས་རབས་གསར་པའི་བླང་བྱ་དང་འཚམ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་ལྡན་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱེད་དགོས།

    ཚོགས་འདུར་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་རྩ་སྲ་རྨང་བརྟན་ཡོང་བ་བྱེད་དགོས། ཆབ་སྲིད་ཀྱི་སྦྱོང་བརྡར་དེ་ལས་བྱེད་པ་འཚར་ལོངས་ཡོང་བའི་དུས་འཁོར་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་དོན་བྱས་རྗེས་ཀྱི་ལྟ་བ། བྱ་གཞག་གི་ལྟ་བ་བཅས་འཛུགས་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཆེ་རུ་གཏོང་དགོས། ལས་བྱེད་པར་སློབ་གསོ་གསོ་སྦྱོང་མཁོ་འདོན་དང་དགོས་མཁོ་གནད་སྨིན་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་ཀྱི་དགོས་མཁོ་དང་། ལས་གནས་ཀྱི་དགོས་མཁོ། ལས་བྱེད་པའི་དགོས་མཁོ་བཅས་དེ་བས་ལེགས་པར་སྐོང་བ། སློབ་གསོ་གསོ་སྦྱོང་གི་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ཏེ་སློབ་གསོ་གསོ་སྦྱོང་གི་མ་ལག་གི་རང་བཞིན་དང་། དམིགས་སའི་རང་བཞིན། ཕན་ནུས་ཀྱི་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་ཁྱབ་ཁོངས་དང་ཆེད་དོན་དབྱེ་ནས་སློབ་སྦྱོང་གསོ་སྦྱོང་བྱས་ཏེ། ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་འགོག་སེལ་གྱི་འཇོན་ཐང་བཅས་ཆེ་རུ་གཏོང་དགོས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་རྨང་གཞི་འགན་སྲུང་གི་ལས་དོན་ཏན་ཏིག་སྒྲུབ་པ་དང་། ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)ལས་བྱེད་པ་སློབ་གསོ་གསོ་སྦྱོང་བྱེད་པའི་ཐབས་ལམ་གཙོ་བོ་དང་གཡུལ་ས་གཙོ་བོའི་ནུས་པ་འདོན་པ། ཆབ་སྲིད་ཀྱི་འགག་སྒོ་ནན་པོ་སྲུང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་ཕྱི་ཚུལ་རིང་ལུགས་གཏན་འགོག་དང་ཧུར་བསྲི་གྲོན་ཆུང་གི་སློབ་གཉེར་ཚད་ལྡན་དུ་གཏོང་དགོས།

    ཚོགས་འདུར་ད་དུང་དོན་དག་གཞན་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།