དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཐུན་རྐྱེན་བཟང་བའི་འཚོ་བ་བཏོད་པ།

    —— ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ནས་ད་བར་ལོ་གཉིས་སོང་ཞིང་། གསར་འགོད་པས་སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་བསྙེགས་ནས། “ཉི་འོད་གྲོང་ཁྱེར”གྱི་ལོ་ངོ་སྟོང་གི་གནའ་བོའི་ཁྲོམ་གཞུང་སྟེ་བར་སྐོར་ཁྲོམ་གཞུང་ལས་ལྷ་ས་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཐུན་རྐྱེན་བཟང་བའི་འཚོ་བ་ཇི་ལྟར་གཏོད་ལུགས་ལ་མྱོང་ཚོར་ཟབ་མོ་བྱུང་།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བར་སྐོར་གནའ་གྲོང་ལ་གཟིགས་ཞིབ་གནང་རྗེས་ཀྱི་ལོ་གཉིས་ནང་། བར་སྐོར་གནའ་གྲོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ལོ་ལྟར་བར་སྐོར་གནའ་གྲོང་གི་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འགྲོ་གྲོན་སྒོར་ཁྲི་1690ལྷག་ཙམ་བཏང་སྟེ་གཙོ་བོ་བར་སྐོར་གྱི་གྲོང་ཁུལ་རྙིང་པའི་རྡོ་གཅལ་ལམ་དང་། ཁྲོམ་གཞུང་མཛེས་བཟོ། ཆུ་ཀ་ལ་དང་ས་འོག་ཆུ་འགྲོའི་གདོང་ལམ་དྲ་བ་སོགས་ལེགས་སུ་བཏང་ནས་མང་ཚོགས་དང་ཡུལ་སྐོར་བའི་སྐྱིད་སྣང་ཆེ་རུ་གཏོང་གི་ཡོད”ཅེས་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་གྲོང་དོན་གྲོང་རྣམ་འཆར་འགོད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཤའོ་ཡིའུ་མིང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།

    ད་ཆའི་བར་སྐོར་ཁྲོམ་གཞུང་ནི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་རིང་སྲུང་སྐྱོབ་དང་རྒྱུན་འཛིན་དང་། སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རིང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གཏོང་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བར་སྐོར་ཁྲོམ་གཞུང་དུ་གཟིགས་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོས་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་གསར་སྒྱུར་རིམ་སྤོར་གྱི་ལས་དོན་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    “ང་ཚོས་ཁྲོམ་གཞུང་གི་དངོས་ཡོད་ཀྱི་རང་བཞིན་དང་། ལོ་རྒྱུས་ཀྱི་རང་བཞིན། འཐུས་ཚང་གི་རང་བཞིན་བཅས་རང་སོར་གནས་གང་ཐུབ་བྱས་ནས་2021ལོར་སྲིད་འཛིན་ཞིབ་མཆན་སྡེ་ཚན་བཙུགས་པ་དང་། གནའ་གྲོང་འཛུགས་སྐྲུན་དང་སྲུང་སྐྱོབ་ཀྱི་སྲིད་འཛིན་ཞིབ་མཆན་འགོད་པའི་ལས་དོན་སྔར་བས་ནན་དུ་བཏང་བ་དང་འགག་སྒོ་སྔར་བས་ཡག་པོ་བསྲུངས་ནས། བར་སྐོར་གནའ་གྲོང་ཁྲོམ་གཞུང་གི་སྲུང་སྐྱོབ་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་སྒྲུབ་ཀྱི་ཡོད”ཅེས་ཤའོ་ཡིའུ་མིང་གིས་བརྗོད།

    གྲོང་ཁུལ་རྙིང་པའི་གྲོང་མི་དཀར་གསལ་གྱིས“དེ་སྔོན་གྲོང་ཁུལ་རྙིང་པར་ཆུ་སྤྱོད་བདེ་པོ་མེད་པས་གསང་སྤྱོད་དེ་ཙམ་གཙང་མ་མེད། ད་ཆ་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པས་ཆུ་གློག་ཐད་ལ་དེ་བས་ལེགས་པའི་འགན་ལེན་ཐུབ་ཡོད། རྒན་རྒོན་ཚོར་ཟས་གོས་ཐད་ཀྱི་སེམས་ཁྲལ་མེད་པས་ལུས་བདེ་སེམས་སྐྱིད་ཀྱིས་ཚེ་མཇུག་རོལ་བཞིན་ཡོད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།

    གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ཕུད། ལྷ་ས་གྲོང་ཁྱེར་གྱིས་ད་དུང“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་བྱ་སྤྱོད་ཀྱི་འཆར་གཞིའི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་ལག་ལེན་ཧུར་ཐག་བསྟར་ནས་གྲོང་ཁྱེར་དང་གྲོང་གསེབ་དོ་སྙོམས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 2021ལོར་སྙེ་མོ་རྫོང་གིས་སྙེ་མོ་ཤང་གནས་ཡུལ་གྲོང་ཚོ་སོགས་གྲོང་ཚོ་8ལ“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་བྱ་སྤྱོད་ཀྱི་འཆར་གཞིའི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་ལག་ལེན་བསྟར་བས་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་ཡུལ་མིའི་སྐྱིད་སྣང་དེ་བས་ཆེ་རུ་ཕྱིན་ཡོད།

    ལོ་མང་རིང་། ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བཞིན་ཡོད། འདི་ལོར་ནོར་བུ་སྤྱི་གླིང་དང་། དྲན་གསོའི་རྡོ་རིང་གི་ལུས་རྩལ་རྒྱན་ཤོག་སྤྱི་གླིང་། གླིང་ཕྲན་གཉིས་ཀྱི་སྐྱེ་ཁམས་སྤྱི་གླིང་། སེམས་མཐུན་སྤྱི་གླིང་བཅས་གསར་པ་བསྐྲུན་ནས། ས་ཁོངས་ཧྲིལ་པོར་གྲོང་ཁྱེར་གྱི་སྐྱེད་ཚལ་སྔོ་འགྱུར་མཛེས་ལྗོངས་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་རྣམ་པ་སྔར་བས་མཛེས་སུ་གཏོང་བ། སྡོད་མལ་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་གྲོང་མིའི་སྐྱིད་སྣང་ཆེ་རུ་བཏང་ཡོད།

    “‘སྔོ་ལྗང་ཁུལ་དང་། སྤྱི་གླིང་། ཆུ་ངོས་བཅས་མང་དུ་གཏོང་རྒྱུའི’སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་1.37བཏང་ནས་སྤྱི་གླིང་བཞི་གསར་པ་བསྐྲུན་པ་དང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཉེ་འཁོར་གྱི་སྔོ་འགྱུར་ལ་སྒྱུར་བཀོད་དང་རིམ་པ་སྤར་བར་གྲོང་མིའི་སྤྲོ་གསེང་དང་། ལུས་རྩལ། རོལ་རྩེད་བཅས་བྱ་ཡུལ་མང་དུ་ཕྱིན་ནས་སྐྱེ་ཁམས་སྡོད་མལ་གྱི་གྲོང་ཁྱེར་བཏོད་དེ། སྐྱེ་ཁམས་བཟང་པོ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྤྱོད་ཐུབ་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྐྱེད་ཚལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཙུང་མའེ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།