དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྡོད་ཁང་ལ་འགན་ལེན་ཡོད་པས་བདེ་སྡོད་ལས་བརྩོན་བྱུང་བ་།

    —— རང་ལྗོངས་ཀྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ལས་དོན་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    མིག་སྔར་རང་ལྗོངས་ཀྱི་སྡོད་ཁང་འགན་ལེན་ས་ཁུལ་དང་གྲོང་ཁྱེར་དང་། རྫོང(ཆུས) ཤང་གྲོང་བཅས་ཚང་མར་ཁྱབ་ཡོད་པ་དང་། ལས་ཤག་དང་བོགས་གཏོང་གཞུང་ཁང(ཁང་གླ་ཁེ་བའི་ཁང་པ)གཙོ་གནད་དུ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བའི་སྡོད་ཁང་འགན་ལེན་མ་ལག་བཙུགས་པ་དང་། ཁང་པ་སྤྲོད་པ་དང་ཁང་གླ་ཁ་གསབ་ཀྱི་བྱ་ཐབས་བརྒྱུད་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བར་འགན་ལེན་དང་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་ཐུབ་ཡོད། འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྕགས་རོང་སྡོད་ཁང་སྐྱོ་ཁུལ་གྱི་འབྱོར་འབྲིང་བདེ་སྡོད་གླིང་གི་དབྱངས་ཅན་གྱིས་ཁྱིམ་དུ་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ་སྡོད་ཁང་འགན་ལེན་གྱི་སྲིད་ཇུས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུཌ་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། བོགས་གཏོང་གཞུང་ཁང་གི་ཆ་འཕྲིན་མ་ལག་རྒྱུན་མཐུད་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་སྡོད་ཁང་འགན་ལེན་གྱི་དྲ་བ་ཚགས་དམ་དུ་གཏོང་བ་དང་མང་ཚོགས་ཀྱི་སྡོད་ཁང་གི་སྤུས་ཚད་མུ་མཐུད་ལེགས་སུ་བཏང་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་བ་རེད།

    སྡོད་ཁང་འགན་ལེན་གྱི་སྲིད་ཇུས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ།

    རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བའི་བོགས་ཁང་གི་ཁ་གསབ་སྲིད་ཇུས་སྐོར་གླེང་སྐབས་ལྷ་སར་ལོ་བཅུ་གླ་པ་རྒྱུག་མྱོང་བའི་ལི་ཡུས་ཧོ་ཡིས“བོགས་ཁང་གི་ཁ་གསབ་སྲིད་ཇུས་ཧ་ཅང་ཡག་པོ་འདུག ངའི་འཚོ་བའི་འགྲོ་སོང་གྲོན་ཆུང་ཐུབ་པ་དང་ཁུར་པོ་ཡང་དུ་ཕྱིན་སོང་། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ། ལྷ་སར་གཞིས་ཆགས་ཐུབ་སོང”ཞེས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད།

    ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་གཏོང་རྒྱུ་དང་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་ལ་སྡོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་ཤག་གི་ཁང་གླ་དོ་དམ་བྱ་ཐབས》དང《འགན་ལེན་རང་བཞིན་གྱི་བོགས་ཁང་འཕེལ་རྒྱས་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》སོགས་སྡོད་ཁང་འགན་ལེན་སྲིད་ཇུས་སྔ་རྗེས་སུ་བཟོས་ནས་བཀྲམ་པ་རེད།

    དེ་དང་ཆབས་ཅིག གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་སྡོད་ཁང་གི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐང་ཆེད། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ད་དུང《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་འགན་ལེན་ཁྱིམ་ཚང་གི་བོགས་ཁང་ཁང་གླའི་ཁ་གསབ་དོ་དམ་བྱ་ཐབས》དང་སྲིད་ཇུས་ཀྱི་གསལ་བཤད་ལ་བཟོ་བཅོས་བརྒྱབ་ནས་བཀྲམ་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་འབྲིང་དམའི་ཁྱིམ་ཚང་དང་། ལས་ཀར་ཞུགས་མ་ཐག་པའི་ཁང་པ་མེད་པའི་ལས་བཟོ། ལས་ཀ་བརྟན་པོ་ཡོད་པའི་ཕྱི་ནས་ཡོང་བའི་ལས་མི་བཅས་འགན་ལེན་ཁྱབ་ཁོངས་སུ་བཅུག་པ་དང་། ཁོར་ཡུག་འཕྲོད་བསྟེན་མི་སྣ་དང་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྔོན་ལ་འགན་ལེན་བྱས་ཤིང་། ཁ་གསབ་ཀྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་225ནས་མི་རེར་ཟླ་རེར་མཐོ་ཤོས་སྒོར་300བར་མཐོ་རུ་བཏང་བ་དང་། བོགས་ཁང་ཁ་གསབ་ཀྱི་དོ་དམ་བྱ་ཐབས་བཏོན་ནས་ཆོག་འཐུས་ཀྱི་ཚད་གཞི་དམའ་རུ་བཏང་བ་དང་། ཁ་གསབ་ཀྱི་ཚད་གཞི་མཐོ་རུ་བཏང་བ། འགན་ལེན་ཁྱབ་ཁོངས་རྒྱ་ཆེར་བཏང་བ། དོ་དམ་ལམ་ལུཌ་ཚད་ལྡན་དུ་བཏང་བ། ལྗོངས་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་གི་སྲིད་ཇུས་མ་ལག་རཌ་ཙམ་བཙུགས་ནས་ཡོང་འབབ་དམའ་བའི་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་དེ་བས་མང་བར“བདེ་སྡོད་ཀྱི་ཕུགས་འདུན”མངོན་འགྱུར་བྱུང་ཡོད།

    འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།

    འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་ནི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་སྡོད་ཁང་གི་དགོས་མཁོ་སྐོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།

    རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལི་ཅིན་ཀྲུང་གིས“ཉེ་བའི་ལོ་ཤས་རིང་། ང་ཚོས་བྱ་རིམ་ཉུང་དུ་མི་གཏོང་བ་དང་དུས་ཡུན་ཐུང་དུ་གཏོང་བའི་རྩ་དོན་མཐའ་འཁྱོངས་ཀྱིས་མཆན་འགོད་མཉམ་བཤེར་དང་། ཁས་ལེན་ལམ་ལུགས། ཆད་རུང་སྒྲུབ་གཉེར་བཅས་ལག་བསྟར་བྱས་ནས་རྣམ་གྲངས་ཀྱི་ཞིབ་མཆན་འགོད་རིམ་ལེགས་སུ་བཏང་བ་དང་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤེལ་མགྱོགས་སུ་བཏང་སྟེ་ཉིན་བཅུར་གོང་རིམ་ལ་ཐེངས་རེ་ཞུ་བ་དང་། ཟླ་ཕྱེད་ལ་གོང་རིམ་ལ་ཐེངས་རེ་ཞུ་བ། ཟླ་བ་རེར་བརྡ་ཁྱབ་རེ་གཏོང་བ། དུས་ཚིགས་རེར་བཀོད་པ་རེ་གཏོང་བ། ཆེད་དོན་ལྟ་འདོམས་ལམ་ལུགས་བཅས་མཐའ་འཁྱོངས་བྱས་ནས་འགན་ལེན་རང་བཞིན་གྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་སྡོད་ཁང་གི་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་དེ་བས་མང་བར་སྡོད་སའི་ཁང་པ་ཡོད་པར་བྱས་ཡོད། མིག་སྔར་རང་ལྗོངས་སུ་ལས་ཤག་དང་སྤྱི་པའི་བོགས་ཁང(ཁང་གླ་ཁེ་བའི་ཁང་པ)གཙོ་གནད་དུ་བྱས་ནས་འགན་ལེན་རང་བཞིན་གྱི་བོགས་ཁང་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བའི་སྡོད་ཁང་འགན་ལེན་མ་ལག་ཅིག་རགས་ཙམ་བསྐྲུན་ཡོད་པ་རེད། ཁང་པ་སྤྲོད་པ་དང་ཁང་གླ་ཁ་གསབ་ཀྱི་བྱ་ཐབས་བརྒྱུད་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བར་འགན་ལེན་དང་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་ཐུབ་ཡོད”ཅེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ལྗོངས་ཡོངས་སུ་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་སྡོད་ཁང་ཁྲི་4.84དང་ཞོར་གཏོགས་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་341ལྷག་ཙམ་ཟིན་ཡོད་པ་རེད། དེའི་ནང་2023ལོར་མ་དངུལ་སྒོར་དུང་ཕྱུར་30བཏང་ནས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཁང་པ་ཁྲི་2.19དང་དེ་བཞིན་ཞོར་གཏོགས་ལེ་ལག་ཚང་བའི་སྒྲིག་བཀོད(སྤྱི་པའི་བོགས་ཁང་4516དང་སྡོད་ཁང་སྐྱོ་ཁུལ་གྱི་སྒྱུར་བཀོད་ཁང་པ17170ཚུད་པ)ལག་བསྟར་ལེགས་གྲུབ་ཐུབ་པ་བྱེད་རྩིས་ཡོད་པ་དེ་ལོ་གོང་མ་ལས་ལྡབ་1.32འཕར་ཡོད། ཟླ་6པའི་ཟླ་མཇུག་བར་མ་དངུལ་སྒོར་དུང་ཕྱུར་15.91བཏང་བ་དེས་ཟླ་1པོ་ནས་ཟླ་6པའི་བར་གྱི་འཆར་གཞིའི121%ཟིན་ནས“ཕྱེད་བརྒལ་གཉིས”ཀྱི་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད།

    བོགས་གཏོང་གཞུང་ཁང་གི་ཆ་འཕྲིན་མ་ལག་རྒྱུན་མཐུད་ལེགས་སུ་བཏང་བ།

    “བོགས་གཏོང་གཞུང་ཁང་གི་ཆ་འཕྲིན་མ་ལག་དེ་དངོས་འབྲེལ་བེད་སྤྱོད་བྱེད་བདེ་པོ་འདུག དེ་སྔ་བོགས་གཏོང་གཞུང་ཁང་གི་ལས་སྒོ་དྲ་ཕྱི་ནས་རེ་ཞུ་བྱས་ནས་གཉེར་དགོས་ཀྱི་ཡོད། དེའི་ནང་དོན་རྙོག་འཛིང་ཆེ་བ་དང་བརྒྱུད་རིམ་ཡང་མང་པོ་ཡོད། ད་ཆ་དྲ་ཐོག་ནས་སྟབས་བདེ་པོས་ཞིབ་མཆན་ལམ་སེང་འགོད་ཐུབ་པ་མ་ཟད། ད་དུང་རེ་ཞུའི་འཕེལ་རིམ་དང་གནས་ཚུལ་སྐབས་འཕྲལ་དུ་ཤེས་རྟོགས་བྱེད་ཆོག་པས། ང་ཚོ་སྡོད་ཁང་མེད་པའི་ཁྱིམ་ཚང་གི་ངོས་ནས་བརྗོད་ན་གཏམ་བཟང་རང་རེད་འདུག”ཅེས་ལྷོ་ཁའི་གྲོང་མི་ཝང་ཕེང་གིས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དུ་བཤད།

    ལྗོངས་ཡོངས་ཀྱི་བོགས་གཏོང་གཞུང་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་། ཚན་རིག་ཅན་དང་ཆེད་ལས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ་དྲ་ཐོག་ནས་འགྲོ་ལུགས་ཚང་མ་གཉེར་ནས་མང་ཚོགས་ལ་སྟབས་བདེ་སྐྲུན་ཆེད། 2019ལོ་ནས་བཟུང་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་ལས་བྱས་ནས“བོགས་གཏོང་གཞུང་ཁང་གི་ཆ་འཕྲིན་མ་ལག”གི་ནུས་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་བོགས་གཏོང་གཞུང་ཁང་གི་ཆ་འཕྲིན་མ་ལག་ལས་མང་ཚོགས་ཀྱི་དོན་དངོས་དགོས་མཁོ་སྔར་བས་སྐོང་ཐུབ་པར་བྱས་པ་རེད། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་བོགས་གཏོང་གཞུང་ཁང་གི་ཆ་འཕྲིན་མ་ལག་ཚང་མ་དྲ་ཐོག་ནས་འཁོར་སྐྱོད་ཐུབ་པ་དང་མ་ལག་དེར་དྲ་ཐོག་ནས་བོགས་གཏོང་གཞུང་ཁང་གི་ཐོབ་ཐང་རེ་ཞུ་དང་སྒྲུབ་གཉེར་གྱི་འཕེལ་རིམ་དུས་ཐོག་ཏུ་འདྲི་རྩད་བྱེད་པ་སོགས་ཀྱི་ནུས་པ་ལྡན་པ་མ་ཟད། སྡོད་ཁང་གི་ཞིབ་ཕྲའི་ས་གནས་དང་། རྒྱ་ཁྱོན། སྡེ་ལས་ཀྱི་གྲོན་བསྡུའི་ཚད་གཞི། བོགས་གཏོང་གཞུང་ཁང་གི་འབྲེལ་ཡོད་སྲིད་ཇུས་བཅས་ལ་ལྟ་ཐུབ་པ་མ་ཟད། མང་ཚོགས་ཀྱིས“དྲ་ཐོག་ནས་གཉེར་ཆོག་པ”དང“ལག་ཐོགས་ཁ་པར་ནས་གཉེར་ཆོག་པས”སྟབས་བདེ་པོའི་སྒོ་ནས་བོགས་གཏོང་གཞུང་ཁང་ལ་སྡོད་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།