དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གནམ་གཤིས་དྲོ་རུ་ཕྱིན་པས་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འགྲོ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-01

    འདི་ནི་འབྲི་ཆུ་རྒྱུག་ཁུལ་གྱི་རྐྱང་ཁྱུ་ཡིན་པ།

    འདི་ནི་ཐོག་ཐོན་གཙང་པོའི་སྡོམ་ཐག་གི་དྲ་བ་ལྟར་གྱི་ཆུ་ལམ་ཡིན་པ།

    འདི་ནི་འབྲི་ཆུ་དང་འབའ་ཐང་ཆུ་བོའི་སྦྲེལ་མཚམས་སུ་ཡོད་པའི་ཆུ་བྱ་ཡིན་པ།

    འདི་ནི་འབྲི་ཆུ་རྒྱུག་ཁུལ་གྱི་ཆུ་བྱའི་ཁྱུ་ཚོགས་ཡིན་པ།

    ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི“ཤིན་ཧྭ་མདོ་གནས”ཀྱི་གསར་འགོད་པས་ཆུ་བེད་པུའི་འབྲི་ཆུ་ཆུ་བེད་ཨུ་ལྷན་འབྲི་ཆུ་ཚན་རིག་ཁང་གིས་སྣེ་ཁྲིད་པའི་2023ལོའི་འབྲི་ཆུའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོའི་འགོ་ནས་མཇུག་བར་ཞུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བའི་རྒྱབ་ལྗོངས་འོག་མཚོ་བོད་ས་མཐོའི་དབུས་རྒྱུད་ཀྱི་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་རེད།

    འབྲི་ཆུའི་ཆུ་འགོ་གསུམ་གྱི་སྤྱི་ཡོངས་ཀྱི་ཆུ་སྤུས་ལེགས་པ་དང་ཆུ་བོའི་སྨད་རྒྱུད་ལ་ཆུའི་ཐོན་ཁུངས་འབོར་ཆེན་འདྲེན་པ།

    འབྲི་ཆུ་ཚན་རིག་ཁང་ཆུའི་ཁོར་ཡུག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲའོ་ལེང་ཡོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐོག་ཐོན་གཙང་པོ་ནི་འཁྱག་རོམ་བཞུར་བའི་ཆུ་གཙོ་བོ་ཡིན་པ་དང་། འབྲུབ་དུས་སུ་ཆུས་བྱེ་འདམ་མང་པོ་འཁྱེར་བས་ཆུ་བོ་རྙོག་ཙམ་ཡོད་པ་དང་། འདམ་ཆུ་ནི་ཆར་ཆུ་འབབ་པ་དང་། གངས་འཁྱགས་བཞུར་བ། ས་འོག་གི་ཆུ་བཅས་ལས་བྱུང་བ་དང་། རྒྱ་ཁྱོན་ཆེ་བའི་འདམ་ར་བརྒྱུད་ནས་དྭངས་སིང་ཕྱེ་བས་ཆུ་བོ་དྭངས་ཤིང་གཙང་བ་ཞིག་ཡོད་པ། ཆུ་དམར་ཆུ་བོ་ནི་ལྕགས་རྒྱུ་ཕུན་སུམ་ཚོགས་པའི་བྲག་རྡོའི་བང་རིམ་བརྒྱུད་དེ་བཞུར་བས་ཆུ་བོ་ཅུང་དམར་ཙམ་ཡོད་ཅེས་ངོ་སྤྲོད་བྱས།

    “འབྲི་ཆུའི་ཆུ་འགོ་གསུམ་གྱི་གཙང་པོར་ཁྱད་ཆོས་མི་འདྲ་བ་མངོན་གྱི་ཡོད། འོན་ཀྱང་ཆུའི་སྤུས་ཚད་སྤྱི་ཡོངས་ནས་ལེགས་པོ་ཡོད”ཅེས་ཀྲའོ་ལེང་ཡོན་གྱིས་བཤད།

    མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས་ལས་མངོན་པར། ཉེ་བའི་ལོ་ཤས་རིང་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་ཆུ་སྤུས་རིམ་པ་དང་པོ་ནས་གཉིས་པའི་བར་གྱི་སྤུས་ལེགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད།

    འབྲི་ཆུའི་ཆུ་འགོའི་ཁུལ་གྱི་ཆུ་བོའི་ཆུ་སྤུས་བཟང་བ་མ་ཟད། ཆུ་ཡང་ཆེན་པོ་ཡོད། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་བསྡོམས་རྩིས་ལ་གཞིགས་ན། 2018ལོ་ནས་2022ལོའི་བར་འབྲི་ཆུ་མཚོ་སྔོན་གྱི་ས་མཚམས་བསྒྲལ་ནས་སྨད་རྒྱུད་དུ་འདྲེན་པའི་ལོའི་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་གྲངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་259.95ཟིན་གྱི་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས་ནང“རང་རྒྱལ་གྱི་མི་རེའི་ལོ་རེའི་ཆ་སྙོམས་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་425ཟིན་གྱི་ཡོད”ཅེས་འཁོད་པར་གཞིགས་ན། ཆུ་འདྲེན་ཚད་མི་ཁྲི་6100ལྷག་ཙམ་གྱི་ལོ་གཅིག་གི་ཆུ་སྤྱོད་ཚད་དང་གཅིག་མཚུངས་ཡིན་པ་རེད།

    དྲོད་ཚད་འཕར་མགྱོགས་ཚེ་སྔོ་ཐིང་ངེར་གནས་པའི་མཐོ་གྲང་ན་ཁ་ཉམས་ཞན་དུ་འགྲོ་སླ་བ།

    གསར་འགོད་པས་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཟིན་པའི་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་ས་ཆ་མང་པོར་རྟ་ནོར་ལུག་གསུམ་ཡངས་པའི་སྤང་ལྗོངས་སུ་རྩྭ་ཆུར་ཅི་དགར་རོལ་བཞིན་ཡོད་པ་མཐོང་བྱུང་།

    འབྲི་ཆུ་ཚན་རིག་ཁང་ཚན་རིག་རྟོག་ཞིབ་རུ་མི་འབུམ་རམས་པ་རེན་ཧྥེ་ཕུང་གིས། ས་ཆ་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད། འབྲི་ཆུའི་ཆུ་འགོའི་ཁུལ་གྱི་མཐོ་གྲང་ན་ཁ་དང་སྔོ་ཁེབས་ཆུང་གྲས་ནི་ས་མཐོའི་རྩྭ་མཁན་པ་སོགས་གྲང་འགོག་དང་ཐན་འགོག་ཐུབ་པའི་རྩྭ་ཁོངས་སུ་གཏོགས་པའི་སྤུས་ལེགས་རིགས་ཡིན་ཞིང་། དེའི་སྡོང་རྐང་ཐུང་ཞིང་སྤྱིར་ལི་སྨི་20ལས་དམའ་བ་ཡོད་ཅེས་གསར་འགོད་པར་བཤད།

    གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་ཤུགས་རྐྱེན་འོག་ཉེ་བའི་ལོ་ཤས་རིང་འབྲི་ཆུའི་ཆུ་འགོའི་དྲོད་ཚད་མཐོ་རུ་ཕྱིན་པ་དང་ཆར་ཆུ་མང་དུ་ཕྱིན་ཡོད། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《2022ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་གནམ་གཤིས་སྤྱི་བསྒྲགས》ནང་འཁོད་དོན། འབྲི་ཆུ་ཚུད་པའི་གཙང་གསུམ་ཆུ་འགོའི་ཁུལ་དུ་2000ལོ་ནས་2022ལོའི་བར་ཆར་ཆུ་འབབ་ཚད་ཆ་སྙོམས་ལོ་10རེར་ཧའོ་སྨི་30མང་དུ་ཕྱིན་པ་དང་ལོའི་ཆ་སྙོམས་དྲོད་ཚད་ལོ་10རེར་ཧྲེ་ཧྲི་ཏུའུ་0.4མཐོ་རུ་ཕྱིན་ཡོད། དེའི་རིང་གཙང་གསུམ་ཆུ་འགོའི་ཁུལ་གྱི་91.2%ཀྱི་སྔོ་ཁེབས་སྐྱེ་ཁམས་སྤུས་ཚད་ལེགས་སུ་ཕྱིན་ཡོད།

    དེ་དང་ཆབས་ཅིག་དྲོད་ཚད་འཕར་མགྱོགས་པའི་བརྒྱུད་རིམ་ནང་མཐོ་གྲང་ན་ཁའི་སྐྱེ་ཁམས་མ་ལག་ལ་འགྱུར་ལྡོག་ཕྱིན་པར་ཚན་རིག་རྟོག་ཞིབ་རུ་མིས་དོ་ཁུར་ཆེན་པོ་བྱུང་ཡོད། ཞིབ་འཇུག་ལས་མངོན་པར། དྲོད་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་པས་སྔར་ཡོད་ཀྱི་སྐྱེ་ཁམས་མ་ལག་དོ་སྙོམས་ལ་གཏོར་བཤིག་ཕོག་ནས་སྔོ་ཁེབས་ཞན་འགྱུར་དང་རྩྭ་ཐང་གི་འབྲོག་ལས་ཐོན་སྐྱེད་ནུས་ཤུགས་ཆུང་དུ་འགྲོ་བ་དང་། ཐ་ན་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དམའ་རུ་འགྲོ་སྲིད།

    རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་མུ་མཐུད་མང་དུ་ཕྱིན་ནས་ས་ཆ་མང་པོའི་ཁྱིམ་ཚང་དུ་དྲེད་མོང་གིས་ཆག་སྒོ་སློང་བ།

    ཉེ་བའི་ལོ་ཤས་རིང་། ཚན་རིག་རྟོག་ཞིབ་རུ་མིས་མི་མེད་ཁུལ་གྱི་འབྲི་ཆུའི་གཙང་གསུམ་ཁུལ་དུ་བསྐྱོད་དེ་འབྲི་ཆུའི་ཆུ་འགོའི་ཉ་རིགས་འཚོ་གནས་ཁུལ་ལ་ཞིབ་འཇུག་དང་སྲུང་སྐྱོང་བྱེད་འགོ་བཙུགས་ནས། ཉ་མགོ་ཆུང་སོགས་གཙོ་གནད་ཉ་རིགས་ཀྱི་དགུན་སྒྲོལ་དང་སྐྱེ་འཕེལ་གྱི་རྐྱེན་རྩའི་གསང་བ་རིམ་བཞིན་བརྟོལ་ནས་འབྲི་ཆུའི་ལྷོ་རྒྱུད་ནས་ཉ་རིགས་ཨང་དྲུག་པ་སྟེ། སི་ཧྲི་ས་མཐོའི་འདམ་ཉ་རྙེད་ཡོད།

    འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པས། ཉ་རིགས་སོགས་ཆུ་ཐོན་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དེ་ནི་སྲིད་གཞུང་དང་དམངས་ཁྲོད་སྟོབས་ཤུགས་ཀྱིས་སྲུང་སྐྱོང་བྱས་པ་དང་དེ་བཞིན་འབྲོག་པ་ཁག་གཅིག་སྐྱེ་ཁམས་བདག་སྐྱོང་པར་གྱུར་བས་རེད། ད་ཆ་གསའ་དང་། གཙོད། འབྲོང་། རྐྱང་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཡང་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད།

    གཙང་གསུམ་ཆུ་འགོའི་སྐྱེ་ཁམས་དང་ས་མཐོའི་ཞིང་འབྲོག་ལས་ལ་ཡུན་རིང་ཞིབ་འཇུག་བྱེད་པའི་རིགས་གཅིག་མཁས་ཅན་ཀྲའོ་ཤིན་ཆོན་གྱིས། ཉེ་བའི་ལོ་ཤས་རིང་མཚོ་བོད་ས་མཐོའི་རི་སྐྱེས་སྲོག་ཆགས་འཚོ་གནས་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། འགག་རྩའི་དངོས་རིགས་ཁྱུ་ཚོགས་ཀྱི་གྲངས་འབོར་དེ་ལོ་20ཡི་གོང་དང་བསྡུར་ན་ལྡབ་2ནས་3བར་མང་དུ་ཕྱིན་པ། གཙོད་སྲུང་སྐྱོང་བྱས་མ་ཐག་པའི་ཁྲི་2ཡང་མ་ཟིན་པ་ནས་ཁྲི་7ཙམ་བར་མང་དུ་ཕྱིན་པ། རྐྱང་ཁྲི་3.6བར་སླར་གསོ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། རྩ་ཆེའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ས་ཁུལ་ཁག་གཅིག་ཏུ་དྲེད་མོང་གི་གྲངས་འབོར་ཧ་ཅང་མང་དུ་ཕྱིན་ཡོད། ཐག་རིང་ལུང་ཁུག་གི་ས་ཆ་ཁག་གཅིག་ལ་དྲེད་མོང་འབྲོག་པའི་ཁྱིམ་དུ་འཛུལ་བ་དང་འབྲོག་པའི་རྒྱུ་ནོར་ལ་གཏོར་བཤིག་གཏོང་བའི་སྣང་ཚུལ་ཡང་སེ་ཐོན་པ་མ་ཟད། མི་ལུས་བདེ་འཇགས་ལ་ཡང་ཉེན་ཁ་ཚབས་ཆེན་བཟོ་གི་ཡོད། ལོ་ལྟར་གྱི་ཟླ་6པ་ནས་ཟླ་8པའི་བར་ནི་དྲེད་མོང་གི་ཆག་སྒོ་ཐོན་མང་བའི་དུས་ཤིག་རེད། རིགས་གཅིག་མཁས་ཅན་དང་ས་གནས་དེ་གའི་སྲིད་གཞུང་གིས་དྲེད་མོང་གིས་ཆག་སྒོ་བསླངས་པའི་མི་མངོན་པའི་གནད་དོན་ལ་བརྟག་དཔྱད་གཏིང་ཟབ་བྱས་ནས་ལག་ལེན་དུ་འཁྱོལ་ཐུབ་པའི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།