དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་སྨན་བཅོས་ལ་བརྟེན་ནས་མཛའ་གྲོགས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-01

    ལོ་60ཡི་རིང་རིམ་རྩིས་བྱས་ན་རྒྱལ་ཁབ་དང་ས་ཁུལ་76ལ་རོགས་སྐྱོར་དུ་མངགས་པའི་སྨན་བཅོས་རུ་ཁག་གི་རུ་མི་མི་ཐེངས་ཁྲི་3ཟིན་ནས། རིམ་རྩིས་བྱས་ན་ནད་པ་མི་ཐེངས་དུང་ཕྱུར་2.9ལ་ནད་བརྟག་སྨན་བཅོས་བྱས་པས་མི་ཐེངས་2000ལྷག་ཙམ་ལ་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    1963ལོར་རང་རྒྱལ་གྱིས་ཨར་ཅི་རི་ཡར་རོགས་སྐྱོར་སྨན་བཅོས་རུ་ཁག་དང་པོ་མངགས་ཚུན། ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་བྱམས་སེམས་དང་བྱང་ཆུབ་པའི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ས་གནས་དེ་གའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།

    ས་གནས་དེ་གའི་ནད་པར་རེ་བ་དེ་བས་མང་བ་སྦྱིན་པ།

    རུ་ཝང་ཏའི་མཱ་ས་ཁ་སྨན་ཁང་དུ་སྨན་པ་མང་པོ་ཞིག་གིས་གཤགས་བཅོས་བྱེད་མི་ཕོད་པའི་སྐྲན་ནད་ཕོག་པའི་ནད་པ་ཞིག་སླེབས།

    ཡིན་ནའང་། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཆུ་ཚོད་3དང་ཕྱེད་ཀའི་རིང་གཤགས་བཅོས་བྱས་པ་བརྒྱུད་སྨན་བཅོས་ལམ་ལྷོངས་བྱུང་ཡོད། སྨན་ཁང་ནས་དོན་ཉེའི་སྐབས་ལོ་18ལ་སླེབས་པའི་ནད་པ་དེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་སྨྱུ་གུ་ཁྱེར་ནས་གཙོ་བཅོས་སྨན་པའི་ལག་ཏུ་རུ་ཝང་ཏའི་སྐད་ཡིག་ཐོག་ནས“ཀྲུང་གོའི་སྨན་པ། ཁྱེད་ཚོས་ང་ལ་གསོན་པའི་རེ་བ་སྦྱིན་བྱུང”ཞེས་བྲིས།

    རང་བྱུང་ཆ་རྐྱེན་དང་སྨན་བཅོས་ཆ་རྐྱེན་ཞན་པའི་དཀའ་ངལ་ཁྱད་བསད་བྱས་ཏེ་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ས་གནས་དེ་གའི་ནད་པ་སྐྱོབ་བཅོས་བྱེད་ཀྱི་ཡོད།

    ཧུའུ་པེའི་སྨན་པ་ཞུའེ་ཅིན་1965ལོར་ཨར་ཅི་རི་ཡར་མངགས་པའི་རོགས་སྐྱོར་སྨན་བཅོས་རུ་ཁག་ནང་ཞུགས་རྗེས་ཨར་ཅི་རི་ཡའི་ནུབ་བྱང་རྒྱུད་ཀྱི་གྲོང་ཁྱེར་སའེ་དབྱི་ཏར་སླེབས། ས་ཆ་དེ་ས་ཧ་ལ་བྱེ་ཐང་གི་འགྲམ་དུ་གནས་པས། གནམ་གཤིས་སྐམ་ཤས་ཆེ་བ་དང་། ཆ་རྐྱེན་ཞན་པོ་ཡོད། ཨ་ཧྥེ་རི་ཁར་རོགས་སྐྱོར་ལོ་3བྱེད་རིང་ཞུའེ་ཅིན་དང་ལས་རོགས་ཚོས་ས་གནས་དེར་གཤགས་བཅོས་ཐེངས་སྟོང་ཕྲག་མང་པོ་བདེ་བླག་ངང་བྱས་པ་རེད།

    ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་བཏོད་པ།

    ལོ་60ཡི་རིང་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ས་གནས་དེ་གའི་ནད་པའི་ཚེ་སྲོག་བསྐྱབས་པ་དང་རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ཀྱི་སྨན་བཅོས་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་པ་མ་ཟད། སྨན་བཅོས་མི་སྣ་མི་ཐེངས་ཁྲི་10ལྷག་ཙམ་གསོ་སྐྱོང་བྱས་ཏེ་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་བཏོད་པ་རེད།

    “ལོ་བཅུའི་གོང་ང་ཚོས་རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ཏུ་གསོ་སྐྱོང་བྱས་པའི་སློབ་མ་ད་ཆ་ལས་སྒོའི་རྐང་འཛིན་པར་གྱུར་ཡོད”ཅེས་ནང་སོག་རང་སྐྱོང་ལྗོངས་སྨན་ཁང་བཞི་པའི་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་ལི་ཅུན་ཧྲེང་གིས་མྱོང་ཚོར་ཟབ་མོས་བཤད་ཅིང་། ཁོང་གིས“ང་ཚོས་ཀྲུང་གོའི་སྨན་པའི་དོ་དམ་གྱི་འདུ་ཤེས་དང་སྨན་བཅོས་འདུ་ཤེས་ཡག་པོ་དག་རྒྱུན་གཏན་གྱི་ལས་ཀའི་ནང་ཁྱབ་པར་བྱས་ཡོད”ཅེས་བཤད།

    “གཞན་བརྟེན་རྣམ་པའི”རོགས་སྐྱོར་ནས“རང་རྟེན་རྣམ་པའི”རོགས་སྐྱོར་ཕྱོགས་སུ་རྒྱུན་མཐུད་ངང་བསྒྱུར་ཏེ། ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ལ་སྨན་བཅོས་རུ་ཁག་རྨང་གཞིར་བྱེད་པ་དང་། ནད་ཐོག་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་མཉམ་འགུལ། གསར་གཏོད་རྣམ་གྲངས་དང་། སྨན་བཅོས་དངོས་ཟོག ནུས་པ་འཛུགས་སྐྱོང་། མི་སྣ་དང་ལག་རྩལ་སྤེལ་རེས་བཅས་ཀྱི་ཕྱོགས་ཡོངས་དང་ཡོངས་ཁྱབ་རྣམ་པའི་བཀོད་པ་ཞིག་རིམ་བཞིན་ཆགས་ཡོད།

    ཕྱི་རྒྱལ་ལ་རོགས་སྐྱོར་སྨན་བཅོས་བྱེད་པའི་ལེའུ་གསར་པ་བརྩམས་པ།

    2023ལོའི་ཟླ་4ཚེས་10ཉིན་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི“རྒྱལ་སྤྱིའི་འོད་སྣང་སྦྱིན་པའི་བྱ་སྤྱོད”སྨན་བཅོས་རུ་ཁག་པེ་ཅིང་ནས་ཐོན་ཏེ་དུས་ཡུན་ཉིན་18ཀྱི་སྨན་བཅོས་བྱེད་སྒོ་སྤེལ་ནས། ཨུ་ཟ་བྷེ་ཁི་སི་ཐན་དང་ཁེར་གྷི་སི་ཐན་གྱི་སྐྱ་གྲིབ་ཕོག་མཁན་ཚོར་སྨན་བཅོས་བྱས་པ་རེད།

    འདི་ལོའི་ཟླ་9པར“རྒྱལ་སྤྱིའི་འོད་སྣང་སྦྱིན་པའི་བྱ་སྤྱོད”སྨན་བཅོས་རུ་ཁག་སླར་ཡང་ཐོན་རྒྱུ་རེད། “རྒྱལ་ཁབ་ལ་ས་མཚམས་ཡོད་ཀྱང་སྨན་བཅོས་ལ་ས་མཚམས་ཀྱི་དབྱེ་བ་མེད། བདེ་ཐང་དང་འོད་སྣང་གི་རེ་བ་ཨེ་ཤེ་ཡ་དབུས་མར་སྦྱིན་ནས་གནའ་བོའི་དར་གོས་ལམ་བུའི་མཛའ་གྲོགས་ཀྱི་རྒྱུན་བསྐྱང་རྒྱུ་བྱུང་བ་ནི་ང་ཚོའི་བསོད་ནམས་ཡིན”ཞེས“རྒྱལ་སྤྱིའི་འོད་སྣང་སྦྱིན་པའི་བྱ་སྤྱོད”ཀྱི་སྨན་བཅོས་རུ་ཁག་གི་རུ་དཔོན་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་མིག་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་པའོ་ཡུང་ཀྲེན་གྱིས་བཤད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་པར། ལོ་ལྔའི་རིང་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས“འོད་སྣང་སྦྱིན་པའི་བྱ་སྤྱོད”དང“གཅེས་སེམས་མཚོན་པའི་བྱ་སྤྱོད”སོགས་དུས་ཐུང་འོས་འགན་སྨན་བཅོས་བྱས་པ་བརྒྱུད། རིམ་རྩིས་བྱས་ན་ནད་པ་ཆིག་ཁྲི་ཙམ་ལ་སྨན་བཅོས་བྱས་ཏེ་ས་གནས་དེ་གའི་ནད་པ་4500ལྷག་ཙམ་ལ་རིན་མེད་ངང་བསྐྱར་དུ་མཐོང་ཐུབ་པའི་གཤགས་བཅོས་བྱས་པ་དང་ནད་པ་180ལྷག་ཙམ་ལ་སྙིང་ཁམས་གཤགས་བཅོས་བྱས་པ་རེད།

    མིག་སྔར། ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་སྔར་བཞིན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་56དང་སྨན་བཅོས་ས་ཚིགས་110ལྷག་ཙམ་དུ་འབད་འཐབ་བྱས་ནས། དཀའ་ཚེགས་ལ་མི་སྐྲག་པ་དང་། ལེགས་སྐྱེས་འབུལ་འདོད་ཆེ་བ། སྲོག་སྐྱོབ་སྨན་བཅོས། གཅེས་སེམས་ཆེན་པོ་འཆང་བ་བཅས་ཀྱི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ཀྲུང་གོའི་ཕྱི་ཕྱོགས་རོགས་སྐྱོར་སྨན་བཅོས་རུ་ཁག་གི་གཏམ་རྒྱུད་མུ་མཐུད་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།